2024ལོར་མཚོ་སྔོན་ཞིང་ཆེན་གྱིས་གཞུང་གཉེར་བྱིས་གཉོར་ཁང་དང་སློབ་གྲྭ་ལྔ་བཅུ་གསར་འཛུགས་དང་སྒྱུར་བཀོད་བྱེད་རྒྱུ་རེད།
2024.04.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཞི་པའི་ཚེས་བཅུ་གཅིག་ཉིན། གསར་འགོད་པས2024ལོའི་དམངས་ཚིས་དོན་དངོས་བཟོ་སྐྲུན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་རང་ཞིང་གིས་སློབ་གསོ་དོ་མཉམ་བཟོ་སྐྲུན་ལག་བསྟར་བྱེད་རྒྱུའི་འཆར་གཞི་བཟོས་ནས། སློབ་གསོས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བ་གཙོར་བཟུང་བ་དང་། དུས་རིམ་སོ་སོའི་སློབ་གསོ་ལེགས་སྐྱེད་སྤུས་འདེགས་ཀྱི་ལས་འགན་གཙོ་བོར་དམིགས་ནས། སློབ་སྔོན་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་འགུལ་སྐྱོད་འཆར་གཞི་དང་། འོས་འགན་སློབ་གསོའི་ཉམས་ཞན་དུས་རིམ་ལེགས་བསྒྱུར་དང་ནུས་པ་མཐོར་འདེགས་བཟོ་སྐྲུན། མཐོ་འབྲིང་དཀྱུས་མ་འཕེལ་རྒྱས་མཐོར་འདེགས་གཏོང་བའི་འགུལ་སྐྱོད། ལས་རིགས་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ཚད་ལོངས་བཟོ་སྐྲུན་བཅས་ལག་བསྟར་ཟབ་མོ་བྱེད་པ་དང་། མཚོ་སྔོན་གྱི་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དང་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་གྱི་བཀོད་སྒྲིག་བྱ་བར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་བཙུགས་ཏེ། མི་དམངས་ཡིད་ཚིམ་པའི་སློབ་གསོ་བསྒྲུབ་རྒྱུ་རེད།

རང་ཞིང་གིས་སྟོབས་ཤུགས་ཡོད་རྒུས་སློབ་སྔོན་སློབ་གསོའི་འཕེལ་རྒྱས་མཐོར་འདེགས་འགུལ་སྐྱོད་ཀྱི་འཆར་གཞི་ལག་བསྟར་བྱེད་པ་དང་། གཞུང་སྒྲུབ་བྱིས་གཉོར་ཁང་བཅུ་གསར་འཛུགས་དང་བསྒྱུར་བཀོད་བྱས་ནས། ཀུན་ཕན་རང་བཞིན་གྱི་བྱིས་གཉོར་ཁང་གི་ཁེབས་ཚད་རྒྱུན་མཐུད་ངང་རྒྱ་སྐྱེད་རྒྱུ་ཡིན་ལ། འོས་འགན་སློབ་གསོའི་ཐད་ཀྱི་ཉམས་ཞན་ལེགས་བསྒྱུར་དང་ནུས་པ་མཐོར་འདེགས་བཟོ་སྐྲུན་ལག་བསྟར་བྱས་ཏེ། འོས་འགན་སློབ་གསོ་སློབ་གྲྭ་སུམ་ཅུ་གསར་འཛུགས་དང་བསྒྱུར་བཀོད་བྱེད་རྒྱུ་ཡིན་པ་དང་། མཐོ་འབྲིང་དཀྱུས་མའི་འཕེལ་རྒྱས་མཐོར་འདེགས་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། སྤུས་ལེགས་སློབ་གྲྭའི་ཐོན་ཁུངས་སྦས་ཤུགས་སྔོག་འདོན་བྱེད་པ། སློབ་གྲྭ་བཅུ་གསར་འཛུགས་དང་བསྒྱུར་བཀོད་བྱས་ནས། སློབ་གསོའི་ཐོན་ཁུངས་ཀྱི་སྤྱིའི་གྲངས་ཚད་ཇེ་མང་དུ་གཏོང་རྒྱུ་རེད།

དེ་དང་མཉམ་དུ། ལས་རིགས་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ཚད་ལོངས་བཟོ་སྐྲུན་ལག་བསྟར་བྱེད་པ་དང་། ལས་རིགས་སློབ་གྲྭ་བཅུའི་སློབ་སྒྲུབ་ཆ་རྐྱེན་ལེགས་བསྒྱུར་བྱེད་པར་རྒྱབ་སྐྱོར་བྱེད་པ། སློབ་ཁྲིད་དང་དངོས་སྦྱོང་ཆུ་ཚད་མཐོར་འདེགས་བཏང་སྟེ། ལས་རིགས་སློབ་གྲྭའི་སློབ་སྒྲུབ་ནུས་པ་ཇེ་མཐོར་གཏོང་རྒྱུ་ཡིན་ལ། མཚོ་སྔོན་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དང་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་བཀོད་སྒྲིག་བྱ་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ། སློབ་གསོ་པུའུ་བར་གྱི་མཐུན་སྦྱོར་སྦྲེལ་མཐུད་ལ་ཤུགས་བསྣན་ནས། ཚད་ལོངས་འཛུགས་སྐྲུན་དང་རྨང་གཞིའི་བྱ་བའི་འགན་སྲུང་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་པ་མ་ཟད། རིག་སྟོབས་སློབ་གསོ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སློབ་གྲྭ་ལྔ་བཅུ་ལ་ཆ་འཕྲིན་ཅན་གྱི་སྒྲིག་ཆས་སྡེབ་སྒྲིག་བྱེད་པ། གཞི་གྲངས་ཅན་གྱི་ཆ་རྐྱེན་ལེགས་སྒྱུར་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།