ཡུས་ཧྲུའུ་ཁུལ་གྱི་འབྲི་ཆུའི་བཞུར་རྒྱུད་ཀྱི་ཆུ་ཁོངས་གསོ་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ལས་གཞི་མགོ་བརྩམས།
2024.04.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས14ཉིན།   ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲི་ཆུའི་བཞུར་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ལས་གཞི་ཁྲི་འདུ་རྫོང་གི་འབྲི་ཆུའི་འགྲམ་རྒྱུད་དུ་མགོ་བརྩམས།

རྒྱུས་ལོན་བྱུང་བ་ལྟར་ན།   འབྲི་ཆུའི་བཞུར་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ལས་གཞིའི་སྤྱིའི་མ་དངུལ་སྒོར་དུང་ཕྱུར་བརྒྱད་དང་ས་ཡ་བདུན་ཡིན་པ་དང་། ལས་གཞི་དེ་འབྲི་ཆུའི་བཞུར་རྒྱུད་ཀྱི་ཡུས་ཧྲུའུ་གྲོང་ཁྱེར་དང་ཁྲི་འདུ་རྫོང་།  ཆུ་དམར་ལེབ་རྫོང་།   འབྲི་སྟོང་རྫོང་བཅས་གྲོང་ཁྱེར་གཅིག་དང་རྫོང་གསུམ་གྱི་ཡུལ་ཚོ་དང་གྲོང་རྡལ་ཉེར་གཅིག་གི་གནས་བཞི་བརྒྱ་དང་བཅུ་དང་འབྲེལ་ཡོད།  ལས་གཞིས་གནད་དོན་གྱི་ཁྲིད་ཕྱོགས་དང་ཚན་རྩལ་གྱི་བྱེད་ནུས།    ཐོན་ཁུངས་ལེགས་སྒྲིག་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་སོ་སོར་འབྲི་སྟོང་རྫོང་དང་ཆུ་དམར་ལེབ་རྫོང་།   ཁྲི་འདུ་རྫོང་གི་རོང་པོ་སྲུང་སྐྱོབ་ཁུལ་སོགས་གཞི་ཁྱོན་མི་འདྲ་བའི་ཚོད་ལྟའི་གནས་སུ་ས་ནག་ཐང་བཅོས་སྐྱོང་ཚོད་ལྟ་བཞི་ལག་བསྟར་བྱེད་པ་དང་།   དེ་མིན་རྩྭ་འདེབས་སྔོ་ཁེབས་དང་བཀག་སྡོམ་སླར་གསོ་སོགས་བྱེད་ཐབས་སྤྱད་དེ་འདམ་མདའ་ནས་ཆུ་དམར་ལེབ་རྫོང་གི་གཞུང་ལམ་འགྲམ་རྒྱུད་ཀྱི་རྩྭ་ས་སྤྱི་ཆིངས220གཙང་སྒྱུར་བྱེད་རྒྱུ་རེད།   ལས་གཞིས་ད་རུང་ཁུལ་རིམ་པའི་འགོ་ཁྲིད་ཀྱིས་རྫོང་ལ་འགན་ལེན་འབྲེལ་འདྲིས་བྱེད་པ་དང་རྫོང་རིམ་པའི་འགོ་ཁྲིད་ཀྱིས་ཡུལ་ཚོར་འགན་ལེན་འབྲེལ་འདྲིས་བྱེད་པ།   ཡུས་ཧྲུའུ་ཁུལ་ནགས་ལས་དང་རྩྭ་ས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཆེད་ལས་མི་སྣས་ལྟ་སྐུལ་དོ་དམ་དང་ཆེད་ལས་རུ་ཁག་གིས་ལག་རྩལ་མཛུབ་སྟོན་བྱེད་པ་བཅས་གཞི་གཅིག་གི་འགན་ལེན་འབྲེལ་འདྲིས་ལྟ་སྐུལ་ཞབས་ཞུའི་རྐྱེན་སྲོལ་བཙུགས་པ་དང་ཕྱོགས་བསྡུས་མཐུན་སྦྱོར་ཞབས་ཞུ་དང་ལྟ་སྐུལ་དོ་དམ་བྱ་བ་གཏིང་ཟབ་ཏུ་སྤེལ་ཏེ་ལས་གཞིར་བདེ་འཇགས་དང་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་གཏོང་བར་འགན་སྲུང་བྱེད་རྒྱུ་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།