མཚོ་སྔོན་གྱིས་སྤྱི་ཁྱབ་ནགས་རྩྭའི་དཔོན་པོའི་བཀའ་རྒྱ་ཨང་གཉིས་པ་སྤེལ།
2024.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། སྤྱི་ཁྱབ་ནགས་རྩྭའི་དཔོན་པོ་ཁྲིན་ཀང་དང་། ཧྲིན་ཀྲང་གཞོན་པ། སྤྱི་ཁྱབ་ནགས་རྩྭའི་དཔོན་པོ་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཉམ་དུ་ཉིས་སྟོང་ཉེར་བཞི་ལོའི་ནགས་རྩྭའི་དཔོན་པོའི་བཀའ་རྒྱ་ཨང་གཉིས་པའི་སྟེང་མིང་བཀོད་ནས་སྤེལ།

བྱང་གསུམ་བཟོ་སྐྲུན་གྱི་བྱ་བ་བཟང་བོར་སྒྲུབ་ནས་བྱེ་འགོག་བྱེ་བཅོས་བྱ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བརྡ་ཐོ་ལས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནགས་རྩྭའི་དཔོན་པོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་གཞིར་བཟུང་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་བྱེ་འགོག་བྱེ་བཅོས་ཀྱི་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱས་ཤིང་། ཚད་གཞི་དང་སྤུས་ཚད། ཆུ་ཚད་བཅས་མཐོ་བའི་སྒོ་ནས་མཁྲེགས་གཏོར་ལས་འགན་ཡོངས་འགྲུབ་བྱས་ནས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས་པའི་རེ་བ་བཏོན།

སྤྱི་ཁྱབ་ནགས་རྩྭའི་དཔོན་པོའི་བཀའ་རྒྱ་ལས་ལས་འགན་གཙོ་བོ་དྲུག་གཏན་འཁེལ་གསལ་བོ་བྱས་ཡོད།

ལས་གཞིའི་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་དང་། འབྲེལ་ཡོད་ལས་གཞིའི་དོ་དམ་བྱེད་ཐབས་དང་མ་དངུལ་དོ་དམ་བྱེད་ཐབས་གཏན་འབེབས་འཐུས་ཚང་དང་ལག་བསྟར་ནན་མོ་བྱས་ཏེ། བརྒྱུད་རིམ་ཧྲིལ་བོར་གསང་བའི་དོ་དམ་ལག་བསྟར་བྱེད་པ་དང་། ལས་འབྲས་ཕྱོགས་བསྡུས་གདེང་འཇོག་ལ་ཤུགས་བསྣན་ནས། ལས་གཞིའི་དོ་དམ་ཚན་རིག་ཅན་དང་ཞིབ་ཚགས་ཅན། ལས་འབྲས་ཅན་བཅས་ཡོང་བར་ཁག་ཐེག་བྱེད་དགོས། རིམ་པ་སོ་སོའི་ནགས་རྩྭའི་དཔོན་པོས་ཟོལ་མེད་ཀྱིས་ཕྱུགས་བཀག་དང་ཕྱུགས་འཚོ་མཚམས་འཇོག་པ། ཕྱུགས་རྩྭའི་དོ་མཉམ་སོགས་ལམ་ལུགས་དངོས་འབེབས་བྱེད་པར་དམ་འཛིན་བྱེད་པ་དང་། སྐྱེ་ཁམས་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ཕྱོགས་བསྡུས་ལྟ་ཞིབ་ཚད་འཇལ་དང་དོ་དམ་ནུས་པར་ཤུགས་སྣོན་བྱས་ཏེ་ནགས་རྩྭའི་རང་བྱུང་ཐོན་ཁུངས་ཀྱི་ཁྲིམས་བསྟར་ལྟ་རྟོག་དོ་དམ་ནན་མོ་བྱེད་དགོས།

ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རྒྱལ་ཁོངས་བར་སྟོང་གི་སྤྱོད་སྒོའི་དོ་དམ་ཚོད་འཛིན་ནན་མོ་བྱེད་པ་དང་། བྱེ་འགྱུར་ས་ཞིང་གི་ཕྱོགས་བསྡུས་བཅོས་སྐྱོང་གི་གཞི་གྲངས་དོ་དམ་ལ་ཤུགས་སྣོན་པ། ས་ཞིང་བེད་སྤྱོད་མཁོ་འདོན་ལ་འགན་སྲུང་བྱེད་པ། ཚན་ཞིབ་འགག་སྒྲོལ་བྱེད་ཤུགས་ཇེ་ཆེར་གཏོང་བ། སྔོན་ཐོན་ལག་རྩལ་ཁྱབ་གདལ་དུ་གཏོང་བ། བྱང་གསུམ་བཟོ་སྐྲུན་གྱི་ཆུ་བཀོལ་འགན་སྲུང་ལ་ཤུགས་སྣོན་པ། སོན་བཟང་བེད་སྤྱོད་བྱེད་ཚད་མཐོར་འདེགས་བྱས་ནས་ས་གནས་ཀྱི་ཆ་སྡེབ་མ་དངུལ་དངོས་འབེབས་བྱེད་དགོས། དྲིལ་སྒྲོག་བྱ་འགུལ་རབ་དང་རིམ་པ་སྤེལ་བར་རྩ་འཛུགས་བྱས་ཤིང་། བྱང་གསུམ་སྙིང་སྟོབས་དར་སྤེལ་དང་བྱེ་འགོག་བྱེ་བཅོས་ཀྱི་དཔེ་སྟོན་དྲིལ་སྒྲོག་བྱ་བ་བསྟུད་མར་སྤེལ་བ་དང་། སྔོན་ཐོན་ཉམས་མྱོང་བྱེད་ཐབས་དང་ནུས་ལྡན་རྣམ་པ་ཁྱབ་གདལ་དུ་བཏང་སྟེ། སྤྱི་ཚོགས་ཡོངས་མཉམ་དུ་བྱེ་འགོག་བྱེ་བཅོས་ནང་ཟབ་ཞུགས་བྱེད་པའི་སྣང་ཚུལ་བཟང་བོ་ཆགས་པར་བྱེད་དགོས།


བསོད་ནམས་ཚེ་རིང་གིས་བསྒྱུར།