པད་མ་རྫོང་གིས་ལྔ་པའི་ཚེས་ཉེར་གཉིས་ཉིན་གྱི་ས་ཡོམ་རྗེས་ཀྱི་བསྐྱར་འཛུགས་བྱ་བ་ཕན་ནུས་མཐོ་བའི་ངང་ཡོངས་འགྲུབ་བྱས།
2024.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན། གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ནས་རྒྱུས་ལོན་བྱུང་བ་ལྟར་ན། པད་མ་རྫོང་གི་ལྔ་པའི་ཚེས་ཉེར་གཉིས་ཉིན་གྱི་ས་ཡོམ་རྗེས་ཀྱི་བསྐྱར་འཛུགས་བྱ་བ་སྤེལ་བའི་ཚུན་དུ། པད་མ་རྫོང་གིས་ཕྱོགས་སོ་སོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་པ་དང་། བྱ་བའི་བྱེད་ཐབས་ཇེ་དྲག་ཏུ་བཏང་ལ། ཉམས་ཞན་དུས་རིམ་ལ་མཁྲེགས་རྒོལ་བྱས་ཏེ། ལོ་གསུམ་བསྐྱར་འཛུགས་ཀྱི་དམིགས་འབེན་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས།

པད་མ་རྫོང་གིས་གཞི་རིམ་ཏང་ཀྲི་པུའུ་ཡི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་བྱས་པ་དང་། མཉམ་འབྲེལ་མཉམ་འཛུགས་རྒྱབ་རྟེན་དུ་བྱས་ནས། ལས་བྱེད་པ་དང་ལས་བཟོ་པ། སྐྱེ་ཁམས་དོ་སྲུང་མི་སྣ་སོགས་གཞི་རིམ་སྟོབས་ཤུགས་ལ་སྣེ་ཁྲིད་བྱས་ནས། གནོད་རྗེས་བསྐྱར་འཛུགས་ཀྱི་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་གི་གནད་དོན་ཐག་བཅད་པ་དང་། ཏང་ཡོན་དང་མང་ཚོགས་ཀྱིས་བློ་སེམས་རྩེ་གཅིག་གིས་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱས།

པད་མ་རྫོང་གིས་བསྐྱར་འཛུགས་བྱ་བའི་ཐད་ནས་སྡོད་ཁང་འཛུགས་སྐྲུན་དང་འགྲིམ་འགྲུལ་སྒྲིག་ཆས། སྤྱི་ཐུན་ཞབས་ཞུ། ཐོན་ལས་སླར་གསོ། མཁར་གྲོང་སྒྲིག་ཆས་སོགས་ལས་གཞི་སྣ་བཅུ་དགུ་ལག་བསྟར་བྱས་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་གཉིས་བཏང་། དེའི་ཁྲོད་ཁ་དང་ག ང་རིམ་པའི་སྡོད་ཁང་ཞིག་གསོ་སྲ་སྒྱུར་བྱ་བ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། གཏོར་བརླག་ཐེབས་ཚད་ཅུང་ཆུང་བའི་སྡོད་ཁང་སུམ་བརྒྱ་དང་གོ་བཞི་སྒྱུར་བཀོད་བྱས་ལ། གཏོར་བརླག་ཆེན་པོ་ཐེབས་པའི་སྡོད་ཁང་ཉེར་གཉིས་སྲ་སྒྱུར་བྱས་པ་དང་། སྡོད་ཁང་བཅུ་གཅིག་ཞིག་གསོ་བྱས་ཤིང་། སྡོད་ཁང་སོ་བཞི་བསྐྱར་འཛུགས་བྱས། ཞིང་སྡེ་འབྲོག་ཁུལ་གྱི་ཆུ་འདོན་བཟོ་སྐྲུན་བཞི་བཅུ་དང་ཞིང་སྡེ་འབྲོག་ཁུལ་གྱི་ཆུ་འདོན་བཟོ་སྐྲུན་དོན་བདུན་ཡོངས་འགྲུབ་བྱས། གྲོང་སྡེའི་གཞུང་ལམ་སྒྱུར་བཀོད་རིམ་སྤོར་བྱས་པ་དང་། སེ་ལེ་ཐང་སློབ་ཆུང་སོགས་སློབ་གྲྭ་ལྔའི་འཛུགས་སྐྲུན་ལས་གཞི་ཡོངས་འགྲུབ་བྱས་ནས་བཀོལ་སྤྱོད་བྱས་པ་དང་། གྲུབ་ཆེན་ཡུལ་ཚོའི་འཕྲོད་བསྟེན་ཁང་དང་། རྫོང་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་དེང་རབས་ཅན་ཀྱི་ནད་རིགས་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྲུན་ལས་གཞི་བཀོལ་སྤྱོད་བྱེད་འགོ་བརྩམས། དེ་དང་མཉམ་དུ། སེ་ལེ་ཐང་གྲོང་རྡལ་གྱི་དམངས་ཡོངས་ལུས་སྦྱོང་ལྟེ་གནས་དང་མཚོ་སྔོན་རྒྱང་བསྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་ཁྱད་ལྡན་སྤྱི་གླིང་འཛུས་སྐྲུན་བྱས་ནས། པད་མ་རྫོང་གི་རིག་གནས་ལུས་རྩལ་ཐད་ཀྱི་མི་འདང་ས་ཁ་གསབ་བྱས།

པད་མ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པའི་འདུ་ཤེས་ཇེ་བརྟན་དུ་བཏང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་སླར་གསོ་བསྐྱར་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་ལ། སླར་གསོ་བསྐྱར་འཛུགས་བཟོ་སྐྲུན་ལས་གཞིའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་ལག་བསྟར་ཐད་ཀྱི་མཛུབ་སྟོན་ལྟ་རྟོག་ལ་ཤུགས་བསྣན་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དམར་མཚམས་བརྟན་སྲུང་བྱས་པ་དང་། ཆུ་རྐ་དང་རགས་འགོག་རྩོལ་ནུས་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ཞིང་། ཞོད་འགོག་བཟོ་སྐྲུན་གྱི་མ་ལག་འཐུས་ཚང་དུ་བཏང་བ་དང་། གྲོང་གསེབ་ཀྱི་དག་གཙང་ནུས་ཁུངས་འཛུགས་སྐྲུན་དང་ཆུའི་ཐོན་ཁུངས་སྲུང་སྐྱོབ་སོགས་བཟོ་སྐྲུན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། གནོད་འཚེའི་རྗེས་ཀྱི་སྐྱེ་ཁམས་བཅོས་སྐྱོང་སླར་གསོ་གོ་རིམ་ལྡན་པའི་ངང་སྤེལ།

རིན་ཆེན་མཚོས་བསྒྱུར།