ཟླ4པའི་ཚེས16ཉིན། ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྲུང་དང་བཅའ་ཁྲིམས་ཁྱབ་གདལ་མཐུན་སྦྱོར་ཚན་ཆུང་དང་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་བཅའ་ཁྲིམས་ཤེས་མཁན་གསོ་སྐྱོང་སྐུལ་འདེད་བྱ་བའི་གྲོས་ཚོགས་བསྡུས། མཚོ་ཤར་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སོ་སོར་ཞིང་སྡེའི་བཅའ་ཁྲིམས་ཤེས་མཁན་དང་བུད་མེད་ཀྱི་བཅའ་ཁྲིམས་ཤེས་མཁན། ཆོས་ལུགས་བྱ་འགུལ་སྤེལ་སའི་བཅའ་ཁྲིམས་ཤེས་མཁན་གསོ་སྐྱོང་བྱ་བར་དམིགས་ནས་བརྗེ་རེས་གཏམ་བཤད་བྱས།
བརྒྱད་ལྔ་བཅའ་ཁྲིམས་ཁྱབ་གདལ་བྱ་བའི་འཆར་གཞི་ལག་བསྟར་བྱས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ནན་མོ་བྱས་པ་དང་། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཁྲིམས་འཛིན་པུའུ་སོགས་སྡེ་ཁག་གིས་པར་འགྲེམ་བྱས་པའི་ཞིང་སྡེའི་བཅའ་ཁྲིམས་ཤེས་མཁན་གསོ་སྐྱོང་བྱེད་པའི་བྱ་བ་ཚད་ལྡན་ལག་བསྟར་བྱེད་པའི་བརྡ་ཐོའི་བླང་བྱར་དམིགས་ནས་བཅའ་ཁྲིམས་ཤེས་མཁན་གསོ་སྐྱོང་བྱེད་རྒྱུ་དེ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞིའི་བྱ་བ་ཞིག་ཏུ་བརྩིས་ཏེ་བཅའ་ཁྲིམས་ཤེས་མཁན་གདམ་གསེས་དང་གསོ་སྐྱོང་། དོ་དམ། བཀོལ་སྤྱོད་བཅས་ཀྱི་སྦྲེལ་ཐག་ཧྲིལ་བོའི་གསོ་སྐྱོང་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་།
རྒྱུས་ལོན་བྱུང་བ་ལྟར་ན། གསོ་སྐྱོང་བྱ་བའི་དག་སྲུང་གསར་གཏོད་དང་སྤུས་འདེགས་ནུས་སྤེལ་ལ་སྔར་ལས་སྐུལ་འདེད་གཏོང་ཆེད། རང་ཞིང་གིས་སྡེ་བའི་བཅའ་ཁྲིམས་བློ་འདྲི་བ་གཅིག་དང་བཅའ་ཁྲིམས་ཤེས་མཁན་མང་པོ་མཉམ་བསྲེས་ཀྱི་འགུལ་སྐྱོད་སྤེལ་བའི་སྐོར་གྱི་བརྡ་ཐོ་པར་འགྲེམ་བྱས་པ་དང་། སྡེ་བའི་བཅའ་ཁྲིམས་བློ་འདྲི་བའི་ཆེད་ལས་དགེ་མཚན་དང་བཅའ་ཁྲིམས་ཤེས་མཁན་གྱི་ཡུལ་སྲོལ་དགེ་མཚན་ཟུང་འབྲེལ་བྱས་ཤིང་། བཅའ་ཁྲིམས་བློ་འདྲི་བ་གཅིག་དང་བཅའ་ཁྲིམས་ཤེས་མཁན་མང་པོ་མཉམ་བསྲེས་ཀྱི་འགུལ་སྐྱོད་སྤེལ་རྒྱུ་གཙོར་བཟུང་ནས་ས་གནས་བྱ་བའི་གཙོ་གནད་དང་ཁྱད་ཆོས་འབུར་དུ་ཐོན་པར་བྱས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་བྱ་འགུལ་སྤེལ་སའི་བཅའ་ཁྲིམས་ཤེས་མཁན་གསོ་སྐྱོང་བྱ་བའི་ལག་བསྟར་བསམ་འཆར་སོགས་པར་འགྲེམ་བྱས་ཏེ་ཁྱབ་ཁོངས་བགར་ནས་ཞིང་སྡེ་དང་བུད་མེད། ཆོས་ལུགས་བྱ་འགུལ་སྤེལ་བ་བཅས་རིགས་གསུམ་གྱི་བཅའ་ཁྲིམས་ཤེས་མཁན་གྱི་དཔུང་སྡེ་བཙུགས་ཏེ་བཅའ་ཁྲིམས་ཤེས་མཁན་དཔུང་སྡེའི་རྨང་གཞི་སྲ་བརྟན་དུ་བཏང་བ་དང་། རང་ཞིང་གི་བཅའ་ཁྲིམས་ཤེས་མཁན་གྱི་གསོ་སྐྱོང་བྱ་བར་གྲུབ་འབྲས་གསར་པ་ཐོབ་པར་ནུས་ཡོད་སྐུལ་འདེད་བཏང་།
ལྷ་མོ་ཚེ་རིང་གིས་བསྒྱུར།