2024ལོའི་མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་ཐོན་དབང་དྲིལ་སྒྲོག་བྱེད་པའི་གཟའ་འཁོར་དངོས་སུ་འགོ་བརྩམས།
2024.04.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཞི་པའི་ཚེས་བཅུ་དགུ་ཉིན། བརྗོད་དོན་ལ་ཤེས་བྱའི་ཐོན་དབང་བསྒྱུར་སྤྱོད་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞེས་པའི་ཤེས་བྱའི་ཐོན་དབང་དྲིལ་སྒྲོག་བྱེད་པའི་གཟའ་འཁོར་དངོས་སུ་འགོ་བརྩམས། དེའི་དམིགས་འབེན་ནི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་དང་བཀོལ་སྤྱོད་ཀྱི་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ཤེས་བྱའི་ཐོན་དབང་ལ་བརྩི་མཐོང་དང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་ནས། དུས་རབས་གསར་བའི་རང་ཞིང་གི་ཤེས་བྱའི་ཐོན་དབང་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཡར་ཐོན་གསར་བ་དང་སྣང་བརྙན་གསར་བ། ཉམས་མྱོང་གསར་བ། གྲུབ་འབྲས་གསར་བ་འགྲེམ་སྟོན་བྱེད་རྒྱུ་དེ་ཡིན།

དྲིལ་སྒྲོག་གཟའ་འཁོར་སྐབས་སུ། ཞིང་ཆེན་ཡོངས་ཀྱིས་ཤེས་བྱའི་ཐོན་དབང་གི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་དང་མཚོ་སྔོན་གྱི་ཤེས་བྱའི་ཐོན་དབང་སློབ་གླིང་གི་སྒོ་བྱང་འགེལ་བ། མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆེན་མོ་བའི་ཤེས་བྱའི་བདག་དབང་འགྲན་རྩོད་འགྲན་བསྡུར། མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་གི་ཤེས་བྱའི་ཐོན་དབང་གི་རི་མོ་འབྲི་བའི་འགྲན་བསྡུར། ཐང་ཆེན་བློ་འདྲི་ཞབས་ཞུ་སོགས་གཙོ་གནད་བྱ་འགུལ་ཉི་ཤུ་ལྷག་སྤེལ་རྒྱུ་རེད།

མིག་སྔར། ཞིང་ཆེན་ཡོངས་ཀྱིས་ཞིང་ཆེན་རིམ་པའི་ཕྱོགས་ངོས་ཀྱི་ཤེས་བྱའི་ཐོན་དབང་ལས་ཁུངས་ཀྱི་བཅོས་བསྒྱུར་ལས་འགན་ཡོངས་འགྲུབ་བྱས་པ་དང་། ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཞིང་ཆེན་ཤེས་བྱའི་ཐོན་དབང་ཅུའུ་རུ་སྒོ་བྱང་བཀལ་ནས། མཚོ་སྔོན་ཞིང་ཆེན་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལྟེ་གནས་བཙུགས་ཏེ། རང་ཞིང་གི་ཤེས་བྱའི་ཐོན་དབང་དོ་དམ་སྒྲིག་གཞིའི་ལེགས་བསྒྱུར་ལེགས་སྒྲིག་མངོན་འགྱུར་བྱས། ཤེས་བྱའི་ཐོན་དབང་གི་སྲིད་འཛིན་སྲུང་སྐྱོབ་དང་ཁྲིམས་འཛིན་སྲུང་སྐྱོབ། མཉམ་ལས་སྲུང་སྐྱོབ། ཁེ་དབང་སྲུང་སྐྱོབ་རོགས་སྐྱོར། འགལ་རྩོད་བར་འདུམ་སོགས་བྱ་བའི་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་སོང་བ་དང་། སྦྲེལ་མཐུད་སྔར་ལས་བཟང་ལ། སྤུས་ལེགས་ཕན་ལྡན་སྒོས་རྒྱལ་ཁབ་ཀྱི་རང་ཞིང་གི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་དང་དཔྱད་ཞིབ་ཐད་ཀྱི་བྱ་བ་ཡོངས་འགྲུབ་བྱས། ན་ནིང་། ཞིང་ཆེན་ཡོངས་སུ་བསྡོམས་པས་ཚོང་རྟགས་ཁྲི་བདུན་དང་དྲུག་བརྒྱ་བདུན་ཅུ་ཐོ་འགོད་བྱས་པ་དང་། ཆེད་ཁེ་ཁྲི་གསུམ་དང་ལྔ་བརྒྱ་བདུན་ཅུའི་དབང་ཆ་བྱིན་ལ། རྒྱལ་སྤྱིའི་ཆེད་ཁེ་བརྒྱད་ཅུ་ཡིག་ཐོག་སྙན་ཞུ་བྱས་ནས། སྔོན་དུ་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཤེས་བྱའི་ཐོན་དབང་གི་དམིགས་འབེན་ཡོངས་འགྲུབ་བྱས།

རིན་ཆེན་མཚོས་བསྒྱུར།