རྒྱལ་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཁང་བརྒྱ་མདོ་ལ་རུ་སོང་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཐད་ཀྱི་ཇུས་གཞི་མཉམ་འགོད་བྱས།
2024.04.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཞི་པའི་ཚེས་བཅུ་བཞི་ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་རྒྱལ་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཁང་བརྒྱ་མདོ་ལ་རུ་བསྐྱོད་པའི་ངོ་སྤྲོད་ཚོགས་འདུ་བསྡུས། ཧུའུ་ནན་ཞིང་ཆེན་དང་ཧྲན་ཞི་ཞིང་ཆེན། ཀྲིག་ཅང་ཞིང་ཆེན། ཅང་ཞི་ཞིང་ཆེན། སི་ཁྲོན་ཞིང་ཆེན། པེ་ཅིང་གྲོང་ཁྱེར། ཅང་སུའུ་ཞིང་ཆེན་སོགས་དང་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ལས་དོན་ཁང་བརྒྱ་ལྷག་མདོ་ལ་རུ་འཛོམས་ནས། མཉམ་དུ་མགྲོན་ཁུངས་ཚོང་ར་རྒྱ་སྐྱེད་པ་དང་། རིག་གནས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ཇུས་གཞི་མཉམ་འགོད་བྱས།

ངོ་སྤྲོད་ཚོགས་འདུའི་སྟེང་། མདོ་ལ་རྫོང་གིས་ཁོངས་ཡོངས་ཡུལ་སྐོར་དང་རིག་གནས་ཡུལ་སྐོར་མཉམ་བསྲེས། སྤུས་ལེགས་ལམ་ཐིག གཟིགས་སྐྱོང་སྲིད་ཇུས་དང་སྤུས་ལེགས་དམངས་ཁྲོད་མགྲོན་ཁང་། རང་ཉིད་ཀྱིས་རླངས་འཁོར་བསྐོར་ནས་ཡུལ་སྐོར་ལ་འགྲོ་བ། ལྗོངས་རྒྱུ་ཁུལ་འཛུགས་སྐྲུན་སོགས་ལས་གཞིའི་མཉམ་ལས་ཀྱི་དགོས་མཁོ་ཐད་ནས་དྲིལ་སྒྲོག་ངོ་སྤྲོད་བྱས། ཡུལ་དངོས་ནས་མདོ་ལའི་རིག་གནས་ཡུལ་སྐོར་གྱི་དྲིལ་སྒྲོག་གློག་བརྙན་གཏོང་བ་དང་། མི་རིགས་ཁྱད་ཆོས་ཀྱི་ཞབས་བྲོ་འཁྲབ་པ་སོགས་ཀྱི་རྣམ་པ་མང་པོ་དང་ཕྱོགས་ངོས་མང་པོ་བརྒྱུད་དེ་མདོ་ལའི་ངོ་མཚར་མཛེས་སྡུག་གི་རང་བྱུང་རི་ཆུ་དང་ཁྱད་དུ་འཕགས་པའི་དམངས་སྲོལ་རིག་གནས། གཏིང་ཟབ་རྫོང་སྟུག་གི་ལོ་རྒྱུས་ཀྱི་མི་གཞུང་རིག་གནས་འགྲེམ་སྟོན་བྱས།

མདོ་ལ་རྫོང་གིས་ཞིང་ཆེན་ཡོངས་ཀྱི་ལྟེ་གཅིག་འཁོར་གཅིག་དང་རྒྱུད་མང་གི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པའི་ཁྲོད་འདྲེས་པར་བྱས་པ་དང་། མདོ་ལའི་ཁྱད་ལྡན་ཐོན་ཁུངས་ལ་རྐང་བཙུགས་ཏེ། ཐོན་ལས་ཚུལ་བསྒྱུར་རིམ་སྤོར་དང་ཐོན་རྫས་གསར་གཏོད་འཕེལ་རྒྱས། ཚོང་རྟགས་གསར་སྐྲུན་མཐོར་འདེགས་བྱེད་པ་གཙོར་བྱས་ཏེ། མདོ་ལའི་རིག་གནས་ཡུལ་སྐོར་ཁུལ་གྱི་སྤུས་ཚད་དང་གོ་དོན་མཐོར་འདེགས་བཏང་བ་དང་། གནམ་འོག་ཕྱུགས་རའི་སྤུས་ལེགས་ལམ་ཐིག་གཙོར་བཟུང་ནས་འཛུགས་སྐྲུན་བྱས་ནས། ལུས་རྩལ་དང་ཡུལ་སྐོར།རོལ་དབྱངས་དང་གནས་སྐོར། ལུས་གསོ་དང་ཡུལ་སྐོར། རིག་གནས་དང་ཡུལ་སྐོར། ཞིབ་སློབ་དང་ཡུལ་སྐོར་སོགས་ཀྱི་མཉམ་འབྲེལ་ཐོན་ལས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་བཏང་།

རིན་ཆེན་མཚོས་བསྒྱུར།