ཟླ4པའི་ཚེས19ཉིན། ཞིང་ཆེན་དམངས་སྲིད་ཐིན་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། རང་ཞིང་གིས་བསྟུད་མར་ལོ་བཅུ་ལ་རྒན་གསོ་ཞབས་ཞུའི་བྱ་བ་དེ་དམངས་ཚིས་ཀྱི་དོན་དངོས་བཅུའི་ལས་གཞི་ཁྲོད་བཞག་ནས་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་པར་མ་ཟད། ནོར་སྲིད་ཆུང་བས་དམངས་ཚིས་ཆེན་པོ་བསྒྲུབ་པ་རྒྱུན་འཁྱོངས་བྱས་ནས། ལོ་རེ་རེར་སྲིད་གཞུང་གིས་རྒན་གསོ་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ཞིང་ཆེན་རིམ་པའི་ནོར་སྲིད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ཐད་ནས་དཀའ་ཁག་ཡོད་པའི་ལོ་ལོན་དང་ལོ་བརྒྱད་ཅུའི་ཡན་གྱི་ལོ་ལོན་གྱི་རྒན་གསོ་ཞབས་ཞུ་ཉོ་སྒྲུབ་བྱ་བ་ཡོངས་སུ་ཁེབས་པར་བྱས།
རང་ཞིང2009ལོ་ནས་བཟུང་རྒན་འགྱུར་གྱི་དུས་རིམ་དུ་སླེབས་པ་དང་། 2023ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་ལོ་རེ་ལྔ་ཡན་གྱི་ལོ་ལོན་འབུམ་བརྒྱད་དང་ཁྲི་ལྔ་སྟོང་གསུམ་བརྒྱད་བརྒྱར་སླེབས་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་མི་གྲངས་ཀྱི་བརྒྱ་ཆའི་བཅུ་བཞི་ལྷག་ཟིན། ད་ལོར། རང་ཞིང་གིས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རྫོང་དང་ཡུལ་ཚོ། སྡེ་བ་རིམ་པ་གསུམ་གྱི་རྒན་གསོ་ཞབས་ཞུའི་དྲ་རྒྱ་འཛུགས་པ་དང་། བདེ་སྐྱིད་གླིང་དང་རྒན་གསོ་ཁང་སོགས་ད་ཡོད་ཀྱི་རྒན་གསོ་ཞབས་ཞུ་སྒྲིག་ཆས་བསྒྱུར་བཀོད་མཐོར་འདེགས་བྱེད་པ། རྒན་གསོ་ཞབས་ཞུ་དང་སྤྱི་ཐུན་རིག་གནས། སྨན་བཅོས་འཕྲོད་བསྟེན། དམངས་ཡོངས་བདེ་ཐང་སོགས་ཞབས་ཞུའི་རྩོལ་ནུས་ལེགས་བསྡུས་བྱས་ནས། ཐོན་ཁུངས་བེད་མེད་དུ་མི་སྐྱུར་བ་དང་འཕྲོ་བརླག་ཏུ་མི་གཏོང་བར་རོང་འབྲོག་ཁུལ་གྱི་རྒན་གསོ་སྒྲིག་ཆས་ཀྱི་བེད་སྤྱོད་ཚད་མཐོར་འདེགས་གཏོང་རྒྱུ་ཡིན་པ་དང་། ཞིང་སྡེའི་ལོ་ལོན་གྱིས་ཉེ་འགྲམ་ནས་རྒན་གསོ་བྱེད་པའི་རེ་འདུན་མངོན་འགྱུར་བྱེད་པར་དམིགས་ནས། བཟའ་བཏུང་ཐག་གཅོད་པ་འབུར་དུ་ཐོན་པར་བྱེད་པ་དང་། མ་དངུལ་སྒོར་ས་ཡ་བརྒྱད་གྲབས་གསོག་བྱས་ཏེ། ཟས་རོགས་དང་ཉིན་དཀར་གཟིགས་སྐྱོང་སོགས་ཀྱི་ཕྱོགས་བསྡུས་རྩོལ་ནུས་ལྡན་པའི་ཞིང་སྡེའི་རོགས་རེས་བདེ་སྐྱིད་གླིང་བརྒྱ་འཛུགས་སྐྲུན་བསྒྱུར་བཀོད་བྱེད་པ་མ་ཟད། སྲིད་གཞུང་གི་ཁ་གསབ་དང་མི་སྒེར་གྱི་རང་སྐྱོར། བརྩེ་ལྡན་མི་སྣའི་རོགས་སྐྱོར། འབྲེལ་འདྲིས་སྡེ་ཁག་གི་རོགས་རམ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་རོགས་སྐྱོར་བཅས་རོགས་སྐྱོར་ལྔའི་མ་དཔེ་སྤྱད་དེ། བཟའ་བཏུང་རོགས་སྐྱོར་ཞབས་ཞུ་སྤེལ་ནས། ཞིང་སྡེའི་ལོ་ལོན་སྔར་ལས་མང་པོས་བདེ་སྐྱིད་ཀྱི་ཚེ་མཇུག་རོལ་ཐུབ་པར་བྱེད་རྒྱུ་རེད།
དེ་དང་མཉམ་དུ། རང་ཞིང་གི་བརྒྱ་ཆའི་གོ་དགུ་ཡན་གྱི་ལོ་ལོན་གྱིས་ཁྱིམ་སྡོད་རྒན་གསོ་བདམས་པའི་གནས་ཚུལ་དངོས་ལ་རྐང་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་ལོ་ལོན་གྱི་སྡོད་ཁང་ཆ་རྐྱེན་རྒྱུན་མཐུད་ངང་ལེགས་བསྒྱུར་བྱས་པ་དང་། སྐར་མ་བཅོ་ལྔའི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ཚོགས་བཙུགས། རྒྱལ་ཡོངས་ཀྱི་ཁྱིམ་སྡོད་གཞིས་ཁུལ་རྒན་གསོའི་ཞབས་ཞུ་མཐོར་འདེགས་འགུལ་སྐྱོད་དང་ཞིང་ཆེན་ཡོངས་ཀྱི་དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་རྒན་འཚམ་བསྒྱུར་བཀོད་ལ་རྒྱབ་རྟེན་ནས། ཞིང་ཆེན་དམངས་སྲིད་ཐིན་གྱིས་ད་ལོར་མ་དངུལ་སྒོར་ས་ཡ་བདུན་དང་འབུམ་ལྔ་གྲབས་གསོག་བྱས་ཏེ། དཔལ་འབྱོར་ཐད་ནས་དཀའ་ཁག་ཡོད་པའི་ཁྱིམ་ཚང་སྟོང་གཅིག་དང་ལྔ་བརྒྱའི་ཁྱིམ་སྡོད་ལོ་ལོན་ལ་རྒན་འཚམ་བསྒྱུར་བཀོད་འདོན་སྤྲོད་བྱེད་རྒྱུ་རེད།
དེ་ལས་གཞན། རང་ཞིང་གིས་ད་དུང་ཞིང་ཆེན་ལོ་ལོན་སྨན་ཁང་དང་ཞིང་ཆེན་རྒན་གསོ་ཞབས་ཞུའི་ལྟེ་གནས་ཀྱི་ཐོན་ཁུངས་ལེགས་བསྡུས་ཚུལ་སྒྱུར་འཕེལ་རྒྱས་ཀྱི་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་རྒན་གསོ་ལས་ཁུངས་ལ་ཉལ་ཁྲི་སྟོང་གཅིག་ཆ་སྡེབས་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ས་བབ་མཐོ་བའི་ས་ཁུལ་གྱི་རྒན་གསོ་ལས་ཁུངས་དབྱང་བཟོ་སྒྲིག་ཆས་བཞི་བརྒྱ་དང་སུམ་ཅུ་ཆ་སྡེབས་བྱས་ནས། ས་བབ་མཐོ་བའི་ས་ཁུལ་གྱི་རྒན་གསོ་ལས་ཁུངས་ཀྱི་དབྱང་འདོན་སྒྲིག་ཆས་ཡོངས་སུ་ཁེབས་པར་བྱེད་རྒྱུ་ཡིན་ལ། རྒན་གསོ་འཇོན་མི་ཇེ་མང་དུ་བཏང་སྟེ། རྒན་གསོ་ཐད་ཀྱི་ལས་ཞུགས་མི་སྣ་སྟོང་གཅིག་དང་ལྔ་བརྒྱ་དང་ཁྱིམ་ཚང་གི་བདག་སྐྱོང་མི་སྣ་དྲུག་བརྒྱའི་གསོ་སྦྱོང་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།