དུས་ཚིགས་དང་པོར་མཚོ་སྔོན་ཞིང་ཆེན་གྱི་སྡོད་དམངས་ཡོང་འབབ་བརྟན་པོའི་ངང་འཕར།
2024.04.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

དུས་ཚིགས་དང་པོར་མཚོ་སྔོན་ཞིང་ཆེན་གྱི་སྡོད་དམངས་ཡོང་འབབ་བརྟན་པོའི་ངང་འཕར།

ཟླ4པའི་ཚེས19ཉིན། གསར་འགོད་པས2024ལོའི་དུས་ཚིགས་དང་པོའི་མཚོ་སྔོན་གྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། དུས་ཚིགས་དང་པོར། མཚོ་སྔོན་ཞིང་ཆེན་གྱི་སྡོད་དམངས་ཡོང་འབབ་བརྟན་པོའི་ངང་འཕར་ཞིང་། འཕར་ཚད་དེ་ལོ་སྔོན་མའི་དུས་དང་བསྡུར་ན་ཇེ་མགྱོགས་སུ་ཕྱིན་ཡོད་ལ། སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་སྟོང་བདུན་དྲུག་བརྒྱ་དང་བདུན་ཡོད་དེ། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་ལྔ་དང་གྲངས་ཆུང་གཉིས་འཕར་ཡོད་ཅིང་། འཕར་ཚད་ལོ་སྔོན་མའི་དུས་དང་བསྡུར་ན་བརྒྱ་ཆའི་གྲངས་གཅིག་དང་གྲངས་ཆུང་བདུན་གྱིས་ཇེ་མང་དུ་སོང་།

གྲོང་རྡལ་དང་ཞིང་སྡེ་དབྱེ་ནས་བལྟས་ན།  གྲོང་རྡལ་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་གཅིག་དང་བདུན་བརྒྱ་སོ་གཉིས་ཡིན་ལ། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་བཞི་དང་གྲངས་ཆུང་བཞི་འཕར་ཡོད་ཅིང་། འཕར་ཚད་ལོ་སྔོན་མའི་དུས་དང་བསྡུར་ན་བརྒྱ་ཆའི་གཉིས་དང་གྲངས་ཆུང་གཅིག་གིས་མགྱོགས། ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་ཀྱིས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་སྟོང་བཞི་དང་ཉིས་བརྒྱ་རེ་གསུམ་ཡིན་ལ། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་བདུན་འཕར་ཡོད་ཅིང་། འཕར་ཚད་ལོ་སྔོན་མའི་དུས་དང་བསྡུར་ན་བརྒྱ་ཆའི་གཅིག་དང་གྲངས་ཆུང་ལྔ་ཡིས་མགྱོགས།  ལོ་མགོ་ཚུགས་ནས་བཟུང་། ལས་ཞུགས་བརྟན་འཇགས་དང་ཐོན་ལས་ལ་སྐུལ་འདེད། དམངས་ཚིས་ལ་ཕན་པ་བཅས་ཀྱི་སྲིད་ཇུས་རབ་དང་རིམ་པས་རྒྱུན་མཐུད་ངང་ཤུགས་བཏོན་པ་དང་བསྟུན་ནས། ཞིང་ཆེན་ཡོངས་ཀྱི་གྲོང་རྡལ་དང་ཞིང་སྡེའི་སྡོད་དམངས་ཀྱི་ལས་ཞུགས་དང་ཡོང་འབབ་འཕར་སྣོན་ཡོང་བར་བྱེད་ནུས་གང་ལེགས་ཐོན་ཞིང་། གྲོང་རྡལ་དང་ཞིང་སྡེའི་སྡོད་དམངས་ཀྱི་ཡོང་འབབ་འཕར་བའི་རྣམ་པ་མངོན་ལ། དཔལ་འབྱོར་འཕེལ་རྒྱས་དང་གོམ་སྟབས་མཉམ་པོར་གནས།  སྤྱིའི་ཆ་ནས་བལྟས་ན། དུས་ཚིགས་དང་པོའི་མཚོ་སྔོན་སྡོད་དམངས་ཀྱི་ཡོང་འབབ་ལ་གཙོ་བོ་ཕྱོགས་གསུམ་གྱི་ཁྱད་ཆོས་མངོན་ཏེ། གཅིག་ནི་སྡོད་དམངས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་བ་དང་། འཕར་ཚད་ལོ་སྔོན་མའི་དུས་དང་བསྡུར་ན་ཇེ་མགྱོགས་སུ་ཕྱིན་ཡོད། གཉིས་ནི་ཞིང་སྡེའི་སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་དེ་གྲོང་རྡལ་ལས་མགྱོགས་པ་དང་། གྲོང་རྡལ་དང་ཞིང་སྡེའི་སྡོད་དམངས་ཀྱི་ཡོང་འབབ་བར་ཁྱད་རིམ་གྱིས་ཇེ་ཆུང་དུ་འགྲོ་བཞིན་ཡོད། གསུམ་ནི་ཐོན་ལས་གཉིས་པ་དང་གསུམ་པའི་ཚོང་གཉེར་ཡོང་འབབ་དེ་སླར་གསོ་རང་བཞིན་ལྡན་པའི་འཕར་སྣོན་བྱུང་།

ད་ལོའི་ཚུན་ལ། མཚོ་སྔོན་གྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གང་ལེགས་བྱེད་པ་དང་། ཞིང་འབྲོག་ལས་རིགས་ཀྱི་ཐོན་སྐྱེད་རྒྱུན་མཐུད་ངང་དམ་འཛིན་ལེགས་པོ་བྱེད་ཅིང་། དམངས་ཚིས་འགན་སྲུང་བྱེད་ཤུགས་ལ་མུ་མཐུད་དུ་ཤུགས་བསྣན་ནས། ཞིང་སྡེའི་སྡོད་དམངས་ཀྱི་ཡོང་འབབ་བརྟན་པོའི་འཕར་བར་བྱེད་རྒྱུ་རེད། ཟླ་ཕོགས་རང་བཞིན་གྱི་ཡོང་འབབ་ནི་ཡོང་འབབ་འཕར་བའི་སྒུལ་ཤུགས་གཙོ་བོ་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་སྡེ་ཁག་གིས་ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་བརྟན་པོ་ཡོང་བར་བྱེད་ཀྱིན་ཡོད་དེ། རིགས་མི་འདྲ་བའི་ལས་ཞུགས་ལག་རྩལ་གསོ་སྦྱོང་སྤེལ་བ་དང་། ལས་ཚབ་རྒུད་སྤྲོད་ཀྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ལག་བསྟར་བྱེད་པ། ཞིང་པ་ངལ་རྩོལ་པའི་ཟླ་ཕོགས་སྤྲོད་རྒྱུར་འགན་སྲུང་བྱེད་པ་དང་། ངལ་ལས་ཚོང་རྟགས་བསྐྲུན་པ་སོགས་བྱེད་ཐབས་ནུས་ལྡན་བརྒྱུད་ནས། ཞིང་འབྲོག་མང་ཚོགས་ཀྱིས་རང་གི་ས་ཆ་དང་དེའི་ཐག་ཉེ་ས་ནས་ལས་ཞུགས་བྱས་ཏེ་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བཞིན་ཡོད། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་ཞིང་སྡེའི་ངལ་རྩོལ་པ་ཚུར་སྒྱུར་བྱེད་པའི་ལས་ཞུགས་རྣམ་པ་བཟང་ཕྱོགས་སུ་འཕེལ་བཞིན་ཡོད་ཅིང་། ཞིང་སྡེའི་སྡོད་དམངས་ཕྱི་ཕྱོགས་སུ་ལས་ཀར་སོང་ཚད་དང་། ལས་ཞུགས་དུས་ཚོད་དང་ཟླ་ཕོགས་བཅས་འཕར་བཞིན་ཡོད་དེ། ཞིང་སྡེའི་སྡོད་དམངས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་བར་སྐུལ་ཁྲིད་ནུས་ལྡན་བྱེད་ཀྱིན་ཡོད།

ལྷ་མོ་འཚོས་བསྒྱུར།