མཚོ་སྔོན་ཞིང་ཆེན་གྱི་མེ་འགོག་མེ་གསོད་སྤྱི་ཁྱབ་རུ་ཁག་གིས་འཕྲལ་བསྟུན་འཕྲིན་གཏོང་གི་དམག་འཐབ་སྟོབས་ཤུགས་མ་ལག་འཛུགས་སྐྲུན་གྱི་གསོ་སྦྱོང་སྤེལ།  
2024.04.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

མཚོ་སྔོན་ཞིང་ཆེན་གྱི་མེ་འགོག་མེ་གསོད་སྤྱི་ཁྱབ་རུ་ཁག་གིས་འཕྲལ་བསྟུན་འཕྲིན་གཏོང་གི་དམག་འཐབ་སྟོབས་ཤུགས་མ་ལག་འཛུགས་སྐྲུན་གྱི་གསོ་སྦྱོང་སྤེལ།  

ཟླ4པའི་ཚེས15ཉིན་ནས19ཉིན་བར། ཞིང་ཆེན་མེ་འགོག་མེ་གསོད་སྤྱི་ཁྱབ་རུ་ཁག་གིས་གཅིག་སྣོན་གསུམ་གྱི་རྒྱལ་ཁབ་རིམ་པའི་བཀོད་འདོམས་གྲུ་གཟིངས་གི་སྤུས་ཚད་མཐོར་འདེགས་དང་སྟོབས་ཤུགས་ཇེ་ཆེར་གཏོང་བའི་འཛུགས་སྐྲུན་ལ་གཞིགས་ནས་ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་འཕྲིན་གཏོང་གི་དམག་འཐབ་སྟོབས་ཤུགས་མ་ལག་འཛུགས་སྐྲུན་གྱི་གསོ་སྦྱོང་འཛིན་གྲྭ་ཐོག་མ་འཚོགས་པ་དང་། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་འཕྲིན་གཏོང་བཀོད་འཐབ་པ་སོ་བརྒྱད་གསོ་སྦྱོང་ལ་ཞུགས།

ཐེངས་འདིའི་གསོ་སྦྱོང་གིས་གཞུང་ལུགས་སློབ་ཁྲིད་དང་། འཐབ་ཚུལ་བསྐྱར་སྦྱོང་།  དངོས་འཐབ་སྦྱོང་བརྡར།  སྒྲིག་ཆས་བཀོལ་སྤྱོད། བརྗེ་རེས་བགྲོ་གླེང་དང་རྒྱུགས་བཤེར་བཅས་བཀོད་སྒྲིག་བྱས་པ་དང་། མྱུལ་ཞིབ་དང་། འཕྲིན་གཏོང་། གསང་འཕྲིན་བཅས་ལྟེ་བའི་འགན་ནུས་གསུམ་ལ་རྐང་བཙུགས་ཤིང་། ས་ཡོམ་དང་། ཆུ་ལོག གནམ་གཤིས། ནགས་ཚལ་གནོད་སྐྱོན་སོགས་དཔེ་མཚོན་གནས་ཡུལ་རིགས་བརྒྱད་ལ་དམིགས་ཏེ། དཔེ་གཞིའི་སློབ་ཁྲིད་དང་། སློབ་ཁང་ནས་རིགས་འདེད། ཡུལ་དངོས་སྦྱོང་བརྡར་བཅས་ཟུང་འབྲེལ་གྱི་འདྲེན་སྒྲིག་རྣམ་པ་དང་། བསྡུར་བའི་རྣམ་པ། མཐོང་ཐུབ་པའི་གསོ་སྦྱོང་རྣམ་པ་དང་། གནས་ཡུལ་གྱི་ཁྱད་ཆོས་དང་། ལས་འགན་གྱི་དགོས་མཁོ། འཕྲིན་གཏོང་རྩ་འཛུགས། བརྒྱུད་རིམ་འགན་སྲུང་། ལས་ཀ་གཙོ་བོ། འཐབ་ཚུལ་བེད་སྤྱོད། དཔེ་མཚོན་དཔེ་གཞི་སོགས་ཕྱོགས་བརྒྱད་ལ་གཞིགས་ནས། རྒྱལ་ཁབ་རིམ་པའི་བཀོད་འདོམས་པུའུ་འཛུགས་པ་དང་རྣམ་པའི་མཚོན་རྟགས་སོགས་ཀྱི་དངོས་སྤྱོད་ལག་རྩལ་དང་འཐབ་རྩལ་སྦྱོང་བརྡར། བརྒྱུད་རིམ་ཧྲིལ་བོ་དང་རྒྱུ་རྐྱེན་ཚང་མ། འདྲེན་སྒྲིག་རྣམ་པ་བཅས་ཀྱི་འཕྲིན་གཏོང་སྦྱོང་བརྡར་སོགས་ཀྱི་སློབ་ཁྲིད་བྱེད་སྒོ་སྤེལ།  འགོ་ཁྲིད་དང་། བཀོད་འདོམས་པུའུ་ཡི་འཕྲིན་གཏོང་འགན་སྲུང་དང་རྐང་འཛིན་པའི་ཆེད་དོན་དྲ་བ་སྒྲིག་འཛུགས་སོགས་ཀྱི་བསླབ་ཚན་སྦྱོང་བརྡར་བྱེད་པར་ཤུགས་བསྣན་ཞིང་། ས་ཡོམ་དང་གནོད་འཚེ་ཆེན་པོ་སོགས་ཀྱི་གནས་ཚུལ་ཚབས་ཆེན་འོག་གི་འཕྲལ་བསྟུན་འཕྲིན་གཏོང་དཀའ་གནད་ཐག་བཅད།

གསོ་སྦྱོང་ལ་ཞུགས་མཁན་རྣམས་ཀྱིས་བཤད་རྒྱུར། གསོ་སྦྱོང་སྐབས་སྦྱངས་བ་དང་ཐོབ་པ་དག་ཡིད་ལ་བཟུང་ཞིང་ལག་ལེན་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བར་སྐུལ་འདེད་གཏོང་བའི་མདུན་སྐྱོད་སྒུལ་ཤུགས་སུ་བསྒྱུར་རྒྱུ་ཡིན་པ་དང་། སྣ་མང་ཅན་གྱི་འཕྲིན་གཏོང་འགན་སྲུང་ལས་འགན་ལ་གཞོགས་འདེགས་བརྟན་པོ་འདོན་སྤྲོད་བྱེད་རྒྱུ་ཡིན། དེ་དང་མཉམ་དུ། ཉམས་མྱོང་དང་བྱེད་ཐབས་མཉམ་སྤྱོད་ཁྱབ་གདལ་གཏོང་བ་དང་། བརྒྱུད་སྒྲོག་དང་སྐུལ་ཁྲིད་བྱེད་ནུས་འདོན་སྤེལ་བྱེད་ཅིང་།གནད་གཅིག་གིས་ཁྱོན་ཡོངས་ལ་སྐུལ་ཁྲིད་བྱས་ནས་རྐང་འཛིན་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་པ་དང་། འཕྲིན་གཏོང་འགན་སྲུང་རུ་ཁག་སྟོབས་ལྡན་འཛུགས་སྐྲུན་བྱེད་ཅིང་། འཕྲིན་གཏོང་འགན་སྲུང་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བཏང་སྟེ། འཕྲལ་བསྟུན་འཕྲིན་གཏོང་རུ་ཁག་འཛུགས་སྐྲུན་དེ་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ལྷ་མོ་འཚོས་བསྒྱུར།