ཡུས་ཧྲུའུ་ཁུལ་གྱིས་དཔྱིད་ཀའི་རྨོ་འདེབས་བྱ་བ་ཕྱོགས་ཡོངས་ནས་སྤེལ།
2024.04.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 23

ཟླ4པའི་ཚེས19ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་སྤྲེལ་ཚྭ་ཡུལ་ཚོའི་གཞི་རྒྱ་ཆེ་བའི་ཞིང་ཁ་རུ། གསོན་ཉམས་ཀྱིས་ཁེངས་པའི་དཔྱིད་ཀའི་རྨོ་འདེབས་ཀྱི་མཛེས་རིས་ཤིག་མིག་ལམ་དུ་མངོན་པར་གསལ་ཡོང་། ད་ལོར། ཡུས་ཧྲུའུ་ཁུལ་གྱི་ས་ཆ་སོ་སོས་དཔྱིད་ཀའི་རྨོ་འདེབས་གྲ་སྒྲིག་སོགས་ཀྱི་བྱེད་ཐབས་སྣ་མང་དངོས་འབེབས་བྱས་ཏེ། ཞིང་པར་ལག་རྩལ་མཛུབ་སྟོན་བྱེད་པར་ཤུགས་བསྣན་ནས་ལོ་ཧྲིལ་བོའི་འབྲུ་རིགས་ཐོན་སྐྱེད་བྱ་བ་ཡག་པོར་སྒྲུབ་པར་རྨང་གཞི་བརྟན་པོ་བཏིངས།

རྒྱུས་ལོན་པ་ལྟར་ན། 2024ལོའི་ཡུས་ཧྲུའུ་ཡི་ལོ་ཏོག་འདེབས་གསོའི་སྔོན་རྩིས་རྒྱ་ཁྱོན་སྤྱི་ཆིང་ཁྲི་གཅིག་སྟོང་ལྔ་དང་བརྒྱ་ཡིན། མིག་སྔར། གྲོ་སྤྱི་ཆིང་སྟོང་ལྔ་དང་བརྒྱ་བཏབ་པ་དང་ནས་སྤྱི་ཆིང་ཉིས་བརྒྱ་བཏབ་ལ། ལོག་དཀར་སྤྱི་ཆིང་ཉིས་བརྒྱ་དྲུག་ཅུ་བཏབ་ཡོད་ལ། ལོ་ཏོག་གཞན་པ་བསྟུད་མར་འདེབས་བཞིན་པའི་སྒང་རེད།

ད་ལོར། ཡུས་ཧྲུའུ་ཁུལ་རོང་འབྲོག་དང་ཚན་རྩལ་ཅུའུ་ཡིས་ཞིང་ལས་ཐོན་སྐྱེད་ཀྱི་བཀོད་པ་སྔར་ལས་ལྷག་པར་ལེགས་སྒྱུར་བྱས་པ་དང་།  ཞིང་ལས་ལོ་ཏོག་འདེབས་འཛུགས་རྒྱ་ཁྱོན་ལུགས་མཐུན་གྱིས་བཀོད་སྒྲིག་བྱས་ཤིང་། ཞིང་ལས་ལག་རྩལ་མི་སྣ་རྩ་འཛུགས་བྱས་ཏེ་ཞིང་ཁ་རུ་སོང་ནས་ཡུལ་ཚོ་དང་། གྲོང་རྡལ། སྡེ་བ་བཅས་འགན་ལེན་བྱས་ནས་དཔྱིད་ཀའི་རྨོ་འདེབས་གྲ་སྒྲིག་བྱ་བའི་ཐོན་སྐྱེད་ལག་རྩལ་ཞབས་ཞུ་འདོན་སྤྲོད་བྱས། འདེབས་འཛུགས་འཆར་གཞི་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། གྲོང་ཁྱེར་དང་རྫོང་ཁག་སོ་སོའི་རོང་འབྲོག་སྡེ་ཁག་གིས་དཔྱིད་ཀའི་རྨོ་འདེབས་ཐོན་སྐྱེད་བྱ་བ་དམ་འཛིན་བྱས་ཤིང་། དུས་ལྟར་ཞིང་བཀོལ་དངོས་རྫས་ཉོ་སྒྲུབ་དང་གསོག་འཇོག་བྱས་པ་དང་། ལུད་རྫས་དང་ཞིང་སྨན་ཉུང་གཏོང་འགུལ་སྐྱོད་དངོས་འབེབས་ནན་མོ་བྱས་ཏེ། འདེབས་འཛུགས་ལས་འགན་རིམ་པ་བཞིན་དུ་གྲོང་རྡལ་དང་སྡེ་བ། ཁྱིམ་ཚང་བཅས་ལ་ཁག་བགོས་བྱས་ནས། དུས་ཚོད་བཀོད་སྒྲིག་ལྟར་དཔྱིད་ཀའི་རྨོ་འདེབས་ལས་འགན་དུས་ལྟར་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱས། ལྷད་མེད་སྐྱེ་ལྡན་ལ་ཤུགས་སྣོན་བྱས་ཏེ། ཞིང་ལས་ལོ་ཏོག་ལ་གནོད་སྐྱེལ་བའི་སྐྱེ་དངོས་ཆེད་ལས་ཅན་གྱིས་གཅིག་གྱུར་སྔོན་འགོག་དང་བཅོས་སྐྱོང་བྱེད་པའི་ལྟ་ཞིབ་བྱ་བར་ཤུགས་བསྣན་པ་དང་། ཞིང་ལས་ཆ་འཕྲིན་བཀོད་གཏོང་བྱ་བ་དུས་ལྟར་སྤེལ། ཞིང་ལས་འཕྲུལ་ཆས་ལ་ཞིབ་བཤེར་བྱེད་ནུས་ཇེ་ཆེར་བཏང་སྟེ། ཞིང་ལས་འཕྲུལ་ཆས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་ཚད་ཕན་ནུས་ལྡན་པར་མཐོར་འདེགས་སུ་བཏང་ཞིང་། ཞིང་ལས་ཐོན་སྐྱེད་ཁྲོད་ཀྱི་ཞིང་ལས་འཕྲུལ་ཆས་ཚད་ལྡན་དང་བདེ་འཇགས་སྒོས་བཀོལ་སྤྱོད་བྱེད་པའི་འདུ་ཤེས་ཇེ་མཐོར་བཏང་ནས། དགོས་མཁོའི་དུས་སུ་རྒྱུན་ལྡན་ལྟར་བཀོལ་སྤྱོད་བྱེད་པར་ཁག་ཐེག་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།