ཟླ4པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་དང་ཞིང་ཆེན་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་བཅུ་གཅིག་དང་མཉམ་འབྲེལ་བྱས་ནས་ཆུའི་འགོ་ཁུངས་ཀྱི་བརྩེ་ལྡན་ཨ་མས་ཕ་མ་གམ་དུ་མེད་པའི་བྱིས་པ་དང་དཀའ་ཁག་ཡོད་པའི་བྱིས་པར་གཟིགས་སྐྱོང་བྱེད་པའི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་བའི་ཇུས་གཞི་པར་འགྲེམ་བྱས་པ་དང་། དེའི་དམིགས་འབེན་ནི་སྤྱི་ཚོགས་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། མཉམ་དུ་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྲུང་སྐྱོབ་བྱས།
ཇུས་གཞིའི་ནང་དོན་ལྟར་ན། རང་ཞིང་གིས་དྲོད་ལྡན་སྲུང་སྐྱོང་དང་ནུས་འདོན་འཚར་ལོངས། བརྩེ་སེམས་རོགས་ཤུགས་བཅས་ཀྱི་འཆར་འགོད་ཆེན་པོ་གསུམ་ལག་བསྟར་བྱས་ཏེ། ཆ་ཚང་བའི་གཟིགས་སྐྱོང་ཞབས་ཞུ་མ་ལག་གྲུབ་པར་བྱེད་རྒྱུ་རེད། དྲོད་ལྡན་སྲུང་སྐྱོང་འཆར་འགོད་ཀྱི་དམིགས་འབེན་ནི་གཟིགས་སྐྱོང་ཞབས་ཞུའི་ཚད་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་དེ་རེད། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་བརྩེ་ལྡན་ཨ་མའི་དཔུང་སྡེ་བསྡུ་སྐོང་བྱེད་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཨུ་ཡོན་དང་ཏང་ཡོན་ལས་བྱེད་པ། གསུམ་བརྒྱད་དར་དམར་སྒྲེང་མཁན། ཆེས་མཛེས་པའི་ཁྱིམ་ཚང་གི་ཁོངས་མི་སོགས་སྤྱི་ཚོགས་ལས་རིགས་སོ་སོའི་བརྩེ་ལྡན་བུད་མེད་སྐུལ་སློང་བྱས་ནས་ཆུའི་འགོ་ཁུངས་ཀྱི་བརྩེ་ལྡན་ཨ་མ་རུ་འགྱུར་བར་བྱ་རྒྱུ་རེད། ཁོ་མོ་ཚོས་ཕ་མ་གམ་དུ་མེད་པའི་བྱིས་པ་དང་དྭ་ཕྲུག གཉོར་སྐྱོང་བྱེད་མཁན་མེད་པའི་བྱིས་པ་བཅས་དང་རུ་སྒྲིག་ནས། བྱིས་པ་ཚོར་ཁ་གསབ་རང་བཞིན་གྱི་གཟིགས་སྐྱོང་དང་དང་བླངས་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། གཟིགས་སྐྱོང་ཞབས་ཞུ་བྱིས་པ་ཡོངས་ཀྱི་སྟེང་ཁེབས་པར་ཁག་ཐེག་བྱ་རྒྱུ་རེད། ནུས་འདོན་འཚར་ལོངས་འཆར་འགོད་ཀྱིས་བྱིས་པའི་འཚར་ལོངས་ནུས་པ་མཐོར་འདེགས་གཏོང་བར་དོ་སྣང་བྱེད་པ་དང་། རིགས་མི་འདྲ་བའི་སློབ་གསོ་བྱ་འགུལ་སྣ་ཚོགས་རྩ་འཛུགས་བྱེད་པ་བརྒྱུད་དེ། བྱིས་པ་ཚོས་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་ཡང་དག་པ་འཛུགས་པར་རོགས་རམ་བྱེད་པ་དང་། ཁོ་ཚོའི་རང་རྟོན་སེམས་པ་དང་རང་འཕེལ་གྱི་སྙིང་སྟོབས་སྐྱེད་སྲིང་བྱ་རྒྱུ་རེད། བརྩེ་ལྡན་རོགས་ཤུགས་འཆར་འགོད་ཀྱིས་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས། མཉམ་དུ་ཕ་མ་གམ་དུ་མེད་པའི་བྱིས་པ་དང་དཀའ་ཁག་ཡོད་པའི་བྱིས་པར་རོགས་སྐྱོར་འདོན་སྤྲོད་བྱ་རྒྱུ་ཡིན་པ་དང་། ལས་གཞིའི་རྒྱབ་སྐྱོར་དང་ཆ་འཕྲིན་འདེགས་སྐྱོར། སྐུལ་སློང་ལན་སྤྲོད་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། སྤྱི་ཚོགས་རྩ་འཛུགས་དང་བརྩེ་ལྡན་མི་སྣ་སྔར་ལས་མང་པོ་གཟིགས་སྐྱོང་ཞབས་ཞུའི་ཁྲོད་ཞུགས་པར་སྐུལ་སློང་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ཕ་མ་གམ་དུ་མེད་པའི་བྱིས་པ་དང་དཀའ་ཁག་ཡོད་པའི་བྱིས་པར་མཉམ་དུ་གཟིགས་སྐྱོང་སྲུང་སྐྱོང་བྱེད་པའི་སྣང་ཚུལ་བཟང་བོ་གྲུབ་པར་བྱ་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།