མཚོ་སྔོན་པོའི་ཐོན་ཁུངས་ལྟ་ཞིབ་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་།
2024.04.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ4པའི་ཚེས19ཉིན། གསར་འགོད་པས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ཚན་རིག་ཞིབ་འཇུག་མཉམ་ལས་བརྗེ་རེས་སྐུལ་སྤེལ་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཚན་རིག་ཞིབ་འཇུག་ལྟ་ཞིབ་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་བརྒྱུད་རིམ་ལ་རྒྱུན་མ་ཆད་པར་སྐུལ་འདེད་བཏང་བར་བསྟུན་ནས། མཚོ་སྔོན་པོའི་ཐོན་ཁུངས་ལྟ་ཞིབ་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་སོང་བ་དང་། མིག་སྔར་མཚོ་སྔོན་པོའི་མཉམ་ལས་ཚན་ཞིབ་སྡེ་ཁག་ཉི་ཤུ་ལྷག་ལས་བརྒལ་ལ། དཔྱད་གཞི་ཞིབ་འཇུག་གལ་ཆེན་བརྒྱད་ཅུ་ལྷག་གྲུབ་པ་དང་། མཚོ་སྔོན་པོའི་ཁྱབ་ཁོངས་དང་འབྲེལ་བའི་ཚན་རིག་ཞིབ་འཇུག་གི་དཔྱད་རྩོམ་དང་དུས་དེབ་ཉིས་བརྒྱ་ལྷག་འགྲེམ་སྤེལ་བྱས།

མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ཚན་ཞིབ་མཉམ་ལས་དེ1961ལོར་འབྲེལ་ཡོད་ཚན་རིག་ཞིབ་འཇུག་གླིང་གིས་མཚོ་སྔོན་པོའི་མཚེའུ་ཡི་ས་གཤིས་དང་ཆུ་སྐྱེས་སྲོག་ཆགས་སོགས་ལ་ཚན་རིག་གི་ཞིབ་དཔྱད་བྱེད་པ་ལས་འགོ་བརྩམས་པ་དང་། 2005ལོ་ནས་ད་བར་དུ། ཀྲུང་གོ་ཚན་རིག་གླིང་སོགས་འབྲེལ་ཡོད་གླིང་གིས་སྤེལ་བའི་མཚོ་སྔོན་པོའི་ཚན་རིག་ཞིབ་འཇུག་དང་དཔྱད་གཞིའི་མཉམ་ལས་ཀྱིས། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་དར་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིངས་པ་དང་། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རྒྱུན་མཐུད་ངང་ཇེ་བཟང་དུ་སོང་ལ། སྐྱེ་ཁམས་དམིགས་ཚད་སྣ་ཚོགས་བརྟན་ཐོག་ཡར་འཕེལ་བྱས་པ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་སྔར་ལས་ཇེ་བརྟན་དུ་སོང་།

མཚོ་སྔོན་པོའི་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་དེའི་རྨང་གཞིའི་སྟེང་། འཛུགས་སྐྲུན་ཁྲོད་ཀྱི་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་གླིང་གཅིག་དང་ལྟེ་གནས་གསུམ་གྱི་སྟེགས་བུ་འཛུགས་སྐྲུན་བྱེད་རྒྱུ་གོ་སྐབས་སུ་བྱེད་པ་དང་། ཚན་རིག་ཞིབ་འཇུག་ལས་ཁུངས་དང་ཆེད་མཁས་པ་དང་རིག་གནས་པ་སྔར་ལས་མང་པོ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་ཚན་ཞིབ་མཉམ་ལས་དཔུང་སྡེའི་ཁྲོད་འདྲེས་པར་བྱེད་པ། མཉམ་དུ་མཚོ་སྔོན་པོའི་ཚན་རིག་ཞིབ་འཇུག་སྟེགས་བུ་འཛུགས་སྐྲུན་བྱེད་པ་དང་མཚོ་སྔོན་པོའི་ཚན་རིག་ཞིབ་འཇུག་མཉམ་ལས་རྐྱེན་སྲོལ་འཛུགས་པ། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་སྤྱོད་སྒྱུར་བྱེད་པ། ཐོན་ཁུངས་མཉམ་སྤྱོད་དང་དགེ་མཚན་ཁ་གསབ་བྱས་ཏེ། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ཞིབ་འཇུག་གི་ཁྱབ་ཁོངས་དང་བར་སྟོང་རྒྱུན་མ་ཆད་པར་རྒྱ་བསྐྱེད་རྒྱུ་ཡིན་པའི་ཚུལ་བསྟན།

རིན་ཆེན་མཚོས་བསྒྱུར།