ཆེད་ལས་མཁས་པས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་སྐོར་ལ་མཉམ་དུ་གླེང་མོལ་བྱས།
2024.04.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 25

ཟླ4པའི་ཚེས19ཉིན། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་ཚན་རིག་ཞིབ་འཇུག་མཉམ་ལས་བརྗེ་རེས་སྐུལ་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས་པ་དང་། ཚན་རིག་ཞིབ་འཇུག་གླིང་ཁུལ་གྱི་ཆེད་ལས་མཁས་པ་སོགས་མཉམ་དུ་འཛོམས་ཏེ། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་ཚན་རིག་ཞིབ་འཇུག་དང་ལག་རྩལ་གྲུབ་འབྲས་ཐད་ནས་ཁ་བརྡ་བྱས།

སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པའི་ཁུལ་ཁོངས་ཤིག་ཡིན་པའི་ཆ་ནས། ལོ་མང་པོའི་རིང་གི་སྲུང་སྐྱོབ་ཀྱིས་མཚོ་སྔོན་པོའི་བརླན་སའི་སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ངལ་གསོ་སའི་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་བ་དང་། སྤྱིའི་སྐྱེ་ཁམས་བྱེད་ནུས་ཀྱང་རྒྱུན་མཐུད་ངང་ཇེ་ཆེར་སོང་ཡོད། ཉེ་བའི་ལོ་འགའི་རིང་དུ། ཚན་རིག་ཞིབ་འཇུག་སྟེགས་བུ་འཛུགས་པ་དང་། འཇོན་མི་གསོ་སྐྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་ཚན་ལྡན་ཅན་དང་ཚན་རིག་ཅན། མ་ལག་ཅན་གྱི་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བཏང་ཡོད།

ཚན་རིག་ཞིབ་འཇུག་བཤེར་འཇལ་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་འཕེལ་རིམ་ལ་མུ་མཐུད་སྐུལ་འདེད་བཏང་བ་ལས། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལས་དོན་ཐད་བསྟུད་མར་ཤུགས་བཏོན་པ་དང་། སྲུང་སྐྱོབ་ས་ཁུལ་གྱི་ཐོན་ཁུངས་བཤེར་འཇལ་ཆ་འཕྲིན་ཅན་དུ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། བརྙན་རིས་བཤེར་འཇལ་ནུས་པས་མཚོ་སྔོན་པོའི་འདབ་ཆགས་ཀྱི་ནད་རིགས་ཐད་རང་འགུལ་སྔོན་བརྡ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་བཤེར་འཇལ་སོགས་སྔར་ལས་གནད་དུ་འཁེལ་བར་འགན་སྲུང་བྱས་ཡོད།

ཀྲུང་གོ་ཚན་རིག་གླིང་ཆུའི་སྐྱེ་ཁམས་སཱོ་ཡིས་མཚོ་སྔོན་པོའི་མཐོ་སྒང་མཚེའུ་བརླན་སའི་སྐྱེ་ཁམས་ཁོར་ཡུག་ཚན་རིག་ལྟ་ཞིབ་བྱ་བའི་ཕྱི་རོལ་ས་ཚིགས་ཀྱི་མགོ་གཙོ་ཝུའུ་ཁྲིན་ཞི་ཡིས་བཤད་རྒྱུར། ཀྲུང་གོ་ཚན་རིག་གླིང་ཆུའི་སྐྱེ་ཁམས་སཱོ་མཚོ་སྔོན་པོའི་ས་ཚིགས་ཀྱིས་འཛམ་གླིང་ཧྲིལ་བོའི་གནམ་གཤིས་འགྱུར་ལྡོག་དང་མིའི་རིགས་ཀྱི་བྱ་འགུལ་ལས་མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་དང་བྱེད་ནུས་སོགས་གནད་འགག་གི་གནད་དོན་ལ་དམིགས་ནས་བཤེར་འཇལ་དང་ཞིབ་འཇུག་བྱས་པ་ཡིན་ལ། ཞིབ་འཇུག་གྲུབ་འབྲས་ནི་མཚོ་སྔོན་པོའི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་འཕྲད་པའི་གནད་དོན་ལ་ཞིབ་འཇུག་བྱས་ཏེ་ཐག་གཅོད་བྱེད་རྒྱུ་དང་།   མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པར་མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་ཆུའི་སྐྱེ་ཁམས་མ་ལག་གི་བདེ་ཐང་དཔྱད་འཇོག་དང་། ཆུའི་སྐྱེ་ཁམས་སླར་གསོ་སོགས་ཕྱོགས་ཀྱི་ལག་རྩལ་འདེགས་སྐྱོར་འདོན་སྤྲོད་བྱ་རྒྱུ་དེ་ཡིན་ཟེར།

ཀྲུང་གོ་ཚན་རིག་གླིང་མཚོ་སྔོན་པོ་ཕྱོགས་བསྡུས་ལྟ་ཞིབ་ཞིབ་འཇུག་ས་ཚིགས་ཀྱི་ཞིབ་འཇུག་པ་ཝུན་ལིས་ཅོན་གྱིས་བཤད་རྒྱུར། ས་མཐོའི་གྲང་ངར་ལྡན་པའི་མཚེའུའི་བཞུར་རྒྱུན་གྱི་སྐྱེ་ཁམས་མ་ལག་ཉམ་ཞན་རང་བཞིན་སོགས་ཀྱི་ཚན་རིག་གནད་དོན་ལ་ཁ་གཏད་ནས། ཀྲུང་གོ་ཚན་རིག་གླིང་མཚོ་སྔོན་པོ་ས་ཚིགས་ཀྱིས་མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་རླུང་ཁམས་ཆེན་མོ་དང་མཚེའུ། སྐྱེ་ཁམས། ཆུའི་རིག་གནས་ཞིབ་འཇུག་བཅས་ཀྱི་ལྟ་ཞིབ་ཞིབ་འཇུག་སྟེགས་བུ་འཛུགས་པར་ཤུགས་བསྣན་ཏེ། ཚན་རིག་ཞིབ་འཇུག་དང་སྒོ་འབྱེད་མཉམ་ལས། ཚན་རིག་ཁྱབ་གདལ་དྲིལ་སྒྲོག་བཅས་གཞི་གཅིག་ཏུ་བསྡུས་པའི་ཕྱི་རོལ་ལྟ་ཞིབ་ཞིབ་འཇུག་ས་ཚིགས་གསར་བ་ཞིག་འཛུགས་རྒྱུ་ཡིན་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།