ཟླ4པའི་ཚེས21ཉིན། མགོ་ལོག་ཁུལ་རྟ་བོ་མི་རིགས་སློབ་འབྲིང་གིས་མཚོ་སྔོན་ཞིང་ཆེན་གྱི་མཛེས་དཔྱོད་དཔེ་སྟོན་རྟེན་གཞི་བཙུགས་པའི་རྗེས་སུ། མཚོ་སྔོན་ཞིང་ཆེན་རོལ་དབྱངས་མཐུན་ཚོགས་དང་མཚོ་སྔོན་དགེ་འོས་སློབ་ཆེན་རོལ་དབྱངས་སློབ་གླིང་། མཚོ་སྔོན་མི་རིགས་སློབ་ཆེན་སྒྱུ་རྩལ་སློབ་གླིང་བཅས་དང་མཉམ་ལས་དམ་ཟབ་བྱས་ཏེ། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དངོས་སྦྱོང་རྟེན་གཞི་དང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སྒྱུ་རྩལ་ལག་ལེན་རྟེན་གཞི། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སྒྱུ་རྩལ་དངོས་སྦྱོང་རྟེན་གཞི་བཅས་ཀྱི་སྒོ་བྱང་བཀལ།
ཧྲང་ཧེ་གྲོང་ཁྱེར་ཧུང་ཁིའུ་ཆུའུ་ཡི་ཚོགས་སྒྲིག་རང་བཞིན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཆེད་མཁས་པ། མགོ་ལོག་ཁུལ་རྟ་བོ་མི་རིགས་སློབ་འབྲིང་གི་སློབ་གཙོ་ལིའུ་དབྱི་ཡིས་མཚམས་སྦྱོར་བྱས་དོན། ད་ལོ་ནས་བཟུང་། ཧྲང་ཧེ་རོལ་དབྱངས་སློབ་ཆེན་གྱིས་མཚོ་སྔོན་ཞིང་ཆེན་རོལ་དབྱངས་མཐུན་ཚོགས་དང་མཚོ་སྔོན་དགེ་འོས་སློབ་ཆེན་རོལ་དབྱངས་སློབ་གླིང་། མཚོ་སྔོན་མི་རིགས་སློབ་ཆེན་སྒྱུ་རྩལ་སློབ་གླིང་བཅས་དང་མཉམ་འབྲེལ་བྱས་ཏེ་ལོ་རེར་ཆེད་ལས་དགེ་རྒན་བཅུ་གཉིས་མངགས་ཏེ་ས་གནས་ཀྱི་སྒྱུ་རྩལ་གྱི་ཁྱད་ཆོས་ཡོད་པའི་སློབ་མར་ཟུར་ཁྲིད་བྱས་ནས་མགོ་ལོག་ས་ཁུལ་གྱི་སློབ་མ་རྣམས་ཀྱིས་སྒྱུ་རྩལ་གྱི་ཕུགས་མདུན་མངོན་འགྱུར་བྱེད་པར་རོགས་སྐྱོར་བྱ་རྒྱུ་ཡིན་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། མགོ་ལོག་ཁུལ་གྱི་མཛེས་དཔྱོད་སློབ་གསོ་མེད་པ་ནས་ཡོད་པར་གྱུར་མོད། འོན་ཀྱང་སློབ་གསོ་དར་རྒྱས་ས་ཁུལ་དང་མི་རྣམས་ཀྱི་ཉིན་རེར་འཕར་བཞིན་པའི་སློབ་གསོའི་དགོས་མཁོ་དང་བསྡུར་ན། ད་རུང་མི་འདང་ས་དང་ཉམས་ཞན་ས་མང་པོ་ཡོད། ཡོད་པ་ནས་ཕུལ་བྱུང་གི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་ཆེད། མགོ་ལོག་ཁུལ་གྱིས་ད་ལོ་ནས་བཟུང་འཐུས་ཚང་གི་མཛེས་དཔྱོད་ལམ་ལུགས་དང་སློབ་ཁྲིད། གདེང་འཇོག་མ་ལག་བཙུགས་ནས་མཛེས་དཔྱོད་དགེ་རྒན་གྱི་དཔུང་སྡེ་སྟོབས་ལྡན་ཞིག་བཀོད་སྒྲིག་བྱ་རྒྱུ་ཡིན་པ་དང་། སློབ་གྲྭ་ནས་མགོ་བརྩམ་སྟེ་མཛེས་དཔྱོད་སློབ་གསོའི་བཅོས་སྒྱུར་སྤེལ་བ་དང་སློབ་གྲྭའི་མཛེས་དཔྱོད་གདེང་འཇོག་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ་སློབ་མ་རེ་རེར་འདྲ་མཉམ་དྲང་གཞག་གི་མཛེད་དཔྱོད་སློབ་གསོ་ཐོབ་པར་བྱ་རྒྱུ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།