མཚོ་སྔོན་གྱི་ཤེས་བྱའི་ཐོན་དབང་སློབ་གླིང་ཐོག་མ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བཙུགས།
2024.04.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས22ཉིན།  མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་ཐོན་དབང་སློབ་གླིང་ཐོག་མ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བཙུགས།   དེ་ནི་ཞིང་ཆེན་ཡོངས་ཀྱི་ཤེས་བྱའི་ཐོན་དབང་ལས་དོན་གྱི་མཚོན་རྟགས་རང་བཞིན་གྱི་འཕེལ་རིམ་ཞིག་ཡིན་ལ།   དེ་གསར་གཏོད་རང་བཞིན་གྱི་འཇོན་མི་གསོ་སྐྱོང་དང་གསར་གཏོད་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་བྱེད་པ།  འཇོན་མིའི་མཐོ་ས་བསྐྲུན་པ་བཅས་ཀྱི་ཐད་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན།

མཐོ་རིམ་སློབ་གྲྭ་ནི་གསར་གཏོད་མ་ལག་གི་གཡུལ་ས་གཙོ་བོ་ཡིན་པ་དང་།  ཤེས་བྱའི་ཐོན་དབང་བྱ་བའི་སྟོབས་ཤུགས་གཙོ་བོ་ཡིན།    མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཤེས་བྱའི་ཐོན་དབང་ཅུའུ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ཤེས་བྱའི་ཐོན་དབང་སློབ་གླིང་མཉམ་འཛུགས་བྱས་ཏེ་ཤེས་བྱའི་ཐོན་དབང་བསླབ་ཚན་གྱི་གསོ་སྐྱོང་དང་འཕེལ་རྒྱས་ལ་ཤུགས་སྣོན་པ་དང་ཤེས་བྱའི་ཐོན་དབང་འཇོན་མིའི་གསོ་སྐྱོང་དང་སློབ་གསོ་ཇེ་དྲག་ཏུ་བཏང་བ་དེ་ནི་ཤེས་བྱའི་ཐོན་དབང་གི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྩ་གནད་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་འགུལ་སྐྱོད་ཡིན་ཞིང་།   རང་ཞིང་གིས་ཤེས་བྱའི་ཐོན་དབང་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་ཏེ་ཤེས་བྱའི་ཐོན་དབང་གི་སྟོབས་ལྡན་ཞིང་ཆེན་མྱུར་དུ་འཛུགས་སྐྲུན་བྱེད་པའི་དངོས་གཉེར་གྱི་བྱེད་ཐབས་ཤིག་ཀྱང་ཡིན།

དུས་ཡུན་རིང་བོར།  མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ཤེས་བྱའི་ཐོན་དབང་གི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཤེས་བྱའི་ཐོན་དབང་གི་འཇོན་མི་གསོ་སྐྱོང་བྱེད་པར་དམ་པོར་དམིགས་ནས་དངོས་གཞིའི་སློབ་གསོ་དང་ཞིབ་འཇུག་སློབ་མའི་སློབ་གསོའི་དུས་མཚམས་སུ་ཤེས་བྱའི་ཐོན་དབང་གི་འབྲེལ་ཡོད་ཆེད་ལས་བཀོད་སྒྲིག་བྱས་པ་དང་།   མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་ཐོན་དབང་འཕེལ་རྒྱས་དང་སྲུང་སྐྱོབ་གནས་ཚུལ་གྱི་རྒྱབ་ཤ་དཀར་པོའི་དཔེ་དེབ་སྒྲིག་བཟོ་སོགས་ཀྱི་བྱ་བའི་ཁྲོད་ཧུར་ཐག་གིས་ཞུགས་ཏེ་རང་ཞིང་གི་ཤེས་བྱའི་ཐོན་དབང་འཇོན་མི་གསོ་སྐྱོང་དང་ཚན་རིག་ཞིབ་འཇུག   སྤྱི་ཚོགས་ཞབས་ཞུ།   གསར་གཏོད་ལས་སྐྲུན་སོགས་ཕྱོགས་ལ་བྱས་རྗེས་གལ་ཆེན་ཕུལ།

མཚོ་སྔོན་ཞིང་ཆེན་མི་རིགས་སློབ་ཆེན་གྱིས་སྔར་ཡོད་ཀྱི་སློབ་སྒྲུབ་དགེ་མཚན་གྱི་རྨང་གཞིའི་སྟེང་དུ།  གནས་པའི་གནད་དོན་དང་སློབ་སྒྲུབ་ཁ་ཕྱོགས།  ཤེས་བྱའི་ཐོན་དབང་གི་སྟེགས་བུ་རྩེ་གྲ་འཛུགས་སྐྲུན་བཅས་ལ་དམིགས་ཏེ་སྲིད་གཞུང་སྡེ་ཁག་དང་མཉམ་ལས་བརྗེ་རེས་ཟབ་མོ་བྱེད་པ་དང་།   ཤེས་བྱའི་ཐོན་དབང་གི་ཁྱབ་ཁོངས་གསར་པ་དང་ཐོན་ལས་དང་ལས་རིགས་གཙོ་བོར་མཁོ་བའི་ཤེས་བྱའི་ཐོན་དབང་གི་དོ་དམ་འཇོན་མི་དང་འཁོར་སྐྱོད་འཇོན་མི།  དབྱེ་ཞིབ་འཇོན་མི།   ཆ་འཕྲིན་འཇོན་མི་སོགས་སྤུས་ཚད་མཐོ་བའི་འཇོན་མི་སྐོར་ཞིག་གསོ་སྐྱོང་བྱེད་པ་དང་མཚོ་སྔོན་གྱི་ཤེས་བྱའི་ཐོན་དབང་སློབ་གླིང་བཟང་བོར་གཉེར་ནས་ཤེས་བྱའི་ཐོན་དབང་གི་སྟོབས་ལྡན་ཞིང་ཆེན་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་པར་རིག་སྟོབས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱ་རྒྱུ་རེད།

ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཤེས་བྱའི་ཐོན་དབང་ཅུའུ་ཡིས་སློབ་གླིང་གི་འཛུགས་སྐྲུན་ལ་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་།  སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་འཇོན་མི་གསོ་སྐྱོང་།   ཚན་ཞིབ་གསར་གཏོད།    དྲིལ་སྒྲོག་སློབ་གསོ་སོགས་ཕྱོགས་ནས་མཉམ་ལས་ཇེ་དྲག་ཏུ་གཏོང་བ།   སྦྲེལ་ཐག་ཡོངས་ཀྱི་འཇོན་མི་གསོ་སྐྱོང་འདེགས་སྐྱོར་མཉམ་དུ་ཇེ་དྲག་ཏུ་གཏོང་བ།   ཤེས་བྱའི་ཐོན་དབང་གི་རིམ་པ་མཐོ་བ་དང་སྣ་མང་མཉམ་འདུས་ཀྱི་འཇོན་མི་གསོ་སྐྱོང་བྱེད་པའི་བྱེད་ཐབས་གསར་པ་བཏོད་པ།   ཁྱད་ཆོས་མངོན་གསལ་དང་ཚན་རིག་ལྟར་དོ་དམ།   གྲུབ་འབྲས་མངོན་གསལ་བཅས་ཀྱི་ཤེས་བྱའི་ཐོན་དབང་སློབ་གསོའི་ཞིབ་འཇུག་རྟེན་གཞི་མཉམ་དུ་བསྐྲུན་ནས་ཤེས་བྱའི་ཐོན་དབང་གི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་ཤེས་རིག་དང་སྟོབས་ཤུགས་འབུལ་རྒྱུ་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།