རང་ཞིང་གི་རྒྱལ་ཡོངས་གྲོང་སྡེ་གཙང་དག་འགུལ་སྐྱོད་ཀྱི་སྔོན་ཐོན་མཚན་སྙན་ཐོབ་པའི་རྫོང་དགུ་ལ་སླེབས།
2024.04.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་སྔོན། ཞིང་ལས་ཞིང་སྡེ་པུའུ་ཡིས2023ལོའི་རྒྱལ་ཡོངས་ཀྱི་གྲོང་སྡེ་གཙང་དག་འགུལ་སྐྱོད་ཀྱི་སྔོན་ཐོན་རྫོང་གོ་དགུ་ལ་གཟེངས་བསྟོད་བྱས་པ་དང་། རང་ཞིང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དེའི་ཁྲོད་ཚུད། དེ་དང་བསྟུན་ནས་སྔ་གཞུག་ཏུ་རང་ཞིང་གི་རྫོང་དགུ་ལ་རྒྱལ་ཡོངས་གྲོང་སྡེ་གཙང་དག་འགུལ་སྐྱོད་ཀྱི་སྔོན་ཐོན་རྫོང་གི་མཚན་སྙན་ཐོབ།

ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་གྲོང་སྡེ་གཙང་དག་འགུལ་སྐྱོད་དེ་གྲོང་གསེབ་དར་སྤེལ་ལག་བསྟར་བྱེད་པའི་ནང་དོན་གཙོ་བོར་བརྩིས་ནས། སྲིད་གཞུང་གིས་སྣེ་ཁྲིད་བྱེད་པ་དང་། རོང་འབྲོག་མང་ཚོགས་གཙོ་གཞི་རུ་བྱེད་པ། ཕྱོགས་མང་བོ་ཟབ་ཞུགས་བྱེད་པའི་བྱ་བའི་རྐྱེན་སྲོལ་གྲུབ་པར་བྱས། སེལ་གསུམ་སྒྱུར་གསུམ་གྱི་འགུལ་སྐྱོད་དང་ཞིང་ནང་གི་ཆུ་ཤོག་ཕྱིར་བསྡུ་གཙང་དག་འགུལ་སྐྱོད། ཁོངས་ཡོངས་སྙིགས་མེད་ཞིང་ཆེན་འཛུགས་སྐྲུན། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ། ལྗང་མདོག་ཞིང་ལས་འཕེལ་རྒྱས། གྲོང་གསེབ་དར་སྤེལ་ཚོད་ལྟའི་སྡེ་བ་འཛུགས་སྐྲུན། མཐོ་སྒང་གི་མཛེས་སྡུག་གྲོང་སྡེ་འཛུགས་སྐྲུན་སོགས་སྡེ་ཁག་མང་པོའི་ལས་གཞི་གཙོ་བོ་ལེགས་བསྡུས་སྒྲིག་སྦྱོར་བྱས་པ་དང་། གྲོང་སྡེའི་གཙང་དག་འགུལ་སྐྱོད་ལག་བསྟར་ཟབ་མོ་བྱས་ལ། ཆེད་དོན་བཅོས་སྐྱོང་དང་རྒྱུན་རྣམ་ཅན་གྱི་གཙང་དག་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོའི་གྲོང་སྡེ་གཙང་དག་དང་སྡེ་བའི་ཁོར་ཡུག་བཅོས་སྐྱོང་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་། གྲོང་སྡེའི་ཁོར་ཡུག་ཇེ་ལེགས་སུ་སོང་། ཐེངས་འདིར་གསར་དུ་བདམས་པའི་ཁྲི་ཀ་རྫོང་གིས། གཅིག་འདོམས་བཀོད་སྒྲིག་དང་གཅིག་བསྡུས་དངུལ་གཏོང་། ཕན་འབྲས་བརྩོན་ལེན་བྱེད་པའི་རྩ་དོན་ལྟར། བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ་དང་སྔ་འཛུགས་རྗེས་གསབ་དང་རྒུད་གསབ་ལས་སྤྲོད་སོགས་ཀྱི་རྣམ་པ་མང་པོ་སྤྱད་དེ། བསྡོམས་པས་རིགས་མི་འདྲ་བའི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་བརྒྱད་བརྩོན་ལེན་བྱས་པ་དང་། སྲིད་ཇུས་དང་ལས་གཞི། མི་སྣ་སོགས་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་འདོམས་བྱས་ནས་གྲོང་སྡེའི་ཁོར་ཡུག་ཇེ་ལེགས་སུ་བཏང་། 2023ལོར། ཁྲི་ཀ་རྫོང་གིས་མཁར་གྲོང་གཙང་སྐྱོང་ཞབས་ཞུ་ཀུང་ཟིར་མ་དངུལ་གཏོང་བ་དང་ནང་འདྲེན་བྱས་ནས། རྫོང་མཁར་དང་ཡུལ་ཚོ། གྲོང་རྡལ། གྲོང་སྡེའི་གཙང་དག་གཙང་སྐྱོང་། གད་སྙིགས་གཙང་སེལ་དང་སྐྱེལ་འདྲེན། གསང་སྤྱོད་འཁོར་རྒྱུག་དོ་དམ་དང་གད་སྙིགས་གནོད་མེད་ཅན་གྱི་ཐག་གཅོད་བཅས་ཀྱི་འགན་ནུས་ཕྲག་ཏུ་བླངས་ཏེ། སྲིད་འཛིན་སྡེ་བའི་གད་སྙིགས་གཙང་སེལ་ཡོངས་སུ་ཁེབས་པར་བྱས་པ་དང་། ཉིན་རེའི་ཆ་སྙོམས་ཀྱིས་གད་སྙིགས་སར་འཇུག་ཚད་ཏུན་བརྒྱ་དང་གྱ་བདུན་ལ་སླེབས་ཤིང་།  གད་སྙིགས་གནོད་མེད་ཅན་གྱི་ཐག་གཅོད་བྱེད་ཚད་བརྒྱ་ཆའི་གོ་ལྔ་ཡན་ལ་སླེབས་ཤིང་། ཁོར་ཡུག་བཅོས་སྐྱོང་འགུལ་སྐྱོད་ཞིང་སྡེའི་རྒྱུན་སྡོད་ཞིང་ཁྱིམ་ཡོངས་སུ་ཁེབས་པར་བྱས་པ་དང་། ཞིང་ཁྱིམ་ཟབ་ཞུགས་བྱེད་ཚད་བརྒྱ་ཆའི་བརྒྱར་སླེབས།

རིན་ཆེན་མཚོས་བསྒྱུར།