མཚོ་སྔོན་ཞིང་ཆེན་གྱིས་འཛམ་གླིང་སའི་གོ་ལའི་ཉིན་མོའི་བརྗོད་དོན་སྒྲོག་འགྲེལ་བྱ་འགུལ་སྤེལ།
2024.04.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ད་ལོའི་ཟླ4པའི་ཚེས22ཉིན་ནི་འཛམ་གླིང་གི་སའི་གོ་ལའི་ཉིན་མོ་ཐེངས་ང་ལྔ་པ་ཡིན་ཞིང་།    མཚོ་སྔོན་གྱི་བརྗོད་དོན་སྒྲོག་འགྲེལ་བྱ་འགུལ་ཟི་ལིང་གྲོང་ཁྱེར་ཙོང་ཆུ་རྒྱལ་ཁབ་བརླན་སའི་སྤྱི་གླིང་དུ་སྤེལ་ལ། བརྗོད་དོན་ནི་སའི་གོ་ལར་གཅེས་སྐྱོང་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་ཅེས་པ་དེ་རེད།

ཉིན་དེར།  མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་པ་རྣམས་ཀྱིས་འགྲེམ་སྟོན་པང་ལེབ་དང་བརྗོད་དོན་སྒྲོག་འགྲེལ་བརྡ་ཁྱབ།  བརྙན་ཐུང་སོགས་བརྒྱུད་དེ་སྒྲོག་འགྲེལ་བྱ་འགུལ་སྤེལ།

སའི་གོ་ལའི་ཉིན་མོའི་སྐབས་སུ།   རང་བྱུང་ཐོན་ཁུངས་སྒྲོག་འགྲེལ་གྱི་འདེགས་སྐྱོར་ཡིན་པའི་ཆ་ནས།  མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་དངོས་མང་བཤམས་སྟོན་ཁང་གིས་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་མང་གི་ཚན་རིག་ཁྱབ་གདལ་བྱ་འགུལ་སྤེལ་བ་དང་།   དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱིས་སློབ་གྲྭ་དང་གཞིས་ཁུལ་ལ་ཁ་གཏད་དེ་རིགས་སོ་སོའི་བྱ་འགུལ་སྤེལ།  དེར་མ་ཟད།  མིན་ཡོན་རྫོང་འབྲུ་གུ་ཡུལ་ཚོའི་སློབ་ཆུང་གི་དགེ་སློབ་དྲུག་ཅུ་བཤམས་སྟོན་ཁང་དུ་ཡོང་ནས་ལྟ་སྐོར་བྱས་པར་མ་ཟད།  ཞིབ་སློབ་བྱ་འགུལ་ལ་ཞུགས།

མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་དངོས་མང་བཤམས་སྟོན་ཁང་གི་འགོ་གཙོ་གཞོན་པ་ཀྲང་ཀྲུང་ཡུའེ་ཡིས་མཚམས་སྦྱོར་བྱས་དོན།   ང་ཚོས་དགེ་སློབ་མང་པོ་དངོས་མང་བཤམས་སྟོན་ཁང་དུ་གདན་དྲངས་ནས་ཞིབ་སློབ་བྱ་འགུལ་སྤེལ་བར་མ་ཟད།   ཝུན་ཧུའེ་སློབ་ཆུང་སོགས་སུ་སོང་ནས་ཞིབ་སློབ་བྱ་འགུལ་སྤེལ་ཏེ་ཕྱོགས་ཡོངས་ནས་སའི་གོ་ལའི་ཉིན་མོའི་བརྗོད་དོན་སྒྲོག་འགྲེལ་བྱས་ཤིང་།   བྱེད་ཐབས་སྣ་མང་སྤྱད་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་བརྒྱུད་སྒྲོག་བྱས་ནས་མང་ཚོགས་ཀྱི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་མཐོར་འདེགས་བཏང་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། བྱ་འགུལ་སྐབས་སུ།  མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་སྡེ་ཁག་གིས་རང་བྱུང་ཐོན་ཁུངས་ཐད་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་སྲིད་ཇུས། རྒྱལ་ཁབ་ཀྱི་བྱེད་ཐབས་བཅས་སྔར་ལས་སྒྲོག་འགྲེལ་བཟང་བོ་བྱེད་པ་དང་རང་བྱུང་ཐོན་ཁུངས་ཀྱི་གཏམ་རྒྱུད་བཟང་བོར་བཤད་པ།   སྤྱི་ཚོགས་ཡོངས་ཀྱིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལག་ལེན་ཁྲོད་ཞུགས་པར་སྣེ་ཁྲིད་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།