མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་འབྲེལ་སྒོས་ཞིབ་དཔྱོད་སྒོ་འབྱེད་ཉིན་མོའི་བྱ་འགུལ་སྤེལ།
2024.04.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཞི་པའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་འབྲེལ་སྒོས་ཁྲིམས་སྐྱོང་གིས་བུད་མེད་ལ་སྲུང་སྐྱོང་བྱེད་པ་དང་། དུས་རབས་གསར་བར་བྱས་རྗེས་འཇོག་པའི་ཞིབ་དཔྱོད་སྒོ་འབྱེད་ཉིན་མོའི་བྱ་འགུལ་སྤེལ། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཤ་བོ་སྒྲོལ་མ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲང་དབྱིན། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་སྐོར་ཞིག ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མི་དམངས་ལྟ་སྐུལ་བ། གཞི་རིམ་བུད་མེད་ཀྱི་འཐུས་ཚབ་པ་བཅས་གདན་ཞུ་ལྟར་བྱ་འགུལ་ལ་ཞུགས།

བྱ་འགུལ་སྐབས་སུ། འཐུས་མི་དང་ཨུ་ཡོན། མི་དམངས་ལྟ་སྐུལ་བ། གཞི་རིམ་བུད་མེད་ཀྱི་འཐུས་ཚབ་པ་སོགས་སྔ་གཞུག་ཏུ་ཞིང་ཆེན་བུད་མེད་དང་བྱིས་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་དང་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་སྤྱི་བདེ་ཡན་ལག་ཅུའུ་ཡི་བྱིས་པ་སྲུང་སྐྱོང་དང་བུ་མོའི་སྲུང་སྐྱོང་ས་ཚིགས་གཅིག་རང་བཞིན་གྱི་དཔང་ལེན་ཞབས་ཞུ་ལྟེ་གནས་ལ་སོང་ནས། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བུད་མེད་བྱིས་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་ཀྱི་རྩ་བའི་ལས་འགན་དང་མཁར་བྱང་ཁུལ་སྤྱི་བདེ་ཡན་ལག་ཅུའུ་ཡི་བྱིས་པ་སྲུང་སྐྱོང་དང་བུ་མོའི་སྲུང་སྐྱོང་ཀྱི་ས་ཚིགས་གཅིག་རང་བཞིན་གྱི་དཔང་ལེན་ཞབས་ཞུ་ལྟེ་གནས་ཀྱིས་སྤྱི་བདེ་དང་ཁྲིམས་ཁང་། ཞིབ་དཔྱོད་ཁང་། ཁྲིམས་འཛིན། དམངས་སྲིད། བུད་མེད་མཉམ་འབྲེལ་ལྷན་ཚོགས། སློབ་གསོ་སོགས་འབྲེལ་ཡོད་འགན་ནུས་སྡེ་ཁག་གི་མཐུན་སྦྱོར་མཉམ་ལས་ཀྱི་ཕྱོགས་མང་ཅན་གྱི་ནར་མ་སོན་པའི་མིའི་ཁེ་དབང་འགན་སྲུང་མ་ལག་བཙུགས་པར་རྒྱུས་ལོན་གསལ་བོ་བྱས་པ་དང་། ཞིབ་་དཔྱོད་ལས་ཁུངས་ཀྱི་བུད་མད་ཀྱི་ཁེ་དབང་འགན་སྲུང་ཐད་ཀྱི་དཔེ་མཚོན་གྱོད་གཞི་དང་ཉེ་བའི་ལོ་འགའི་རིང་ལ་ཞིབ་དཔྱོད་འགན་ནུས་ལ་རྐང་བཙུགས་ནས། སྤུས་འབྲས་མཐོན་པོས་བུད་མེད་བྱིས་པའི་ཁེ་དབང་དང་འབྲེལ་བའི་གྱོད་གཞི་རེ་རེ་བཟང་བོར་བསྒྲུབས་པ་དང་། གྱོད་གཞི་དང་འབྲེལ་བའི་དཀའ་ཁག་ཡོད་པའི་བུད་མེད་བྱིས་པར་ཁྲིམས་འཛིན་རོགས་སྐྱོར་བྱེད་པ་སོགས་བུད་མེད་བྱིས་པའི་ཁེ་དབང་ལ་འགན་སྲུང་བྱེད་པའི་བྱ་བ་སྤེལ་བའི་གནས་ཚུལ་ལ་ཉན་པར་མ་ཟད། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ་སྤེལ་བའི་ཞིབ་དཔྱོད་སྒོ་འབྱེད་ཉིན་མོའི་བྱ་འགུལ་ལ་ཁས་ལེན་གང་ལེགས་བྱས་པ་དང་། བུད་མེད་བྱིས་པའི་ཁེ་དབང་སྲུང་སྐྱོབ་བྱ་བར་སྔར་ལས་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པའི་ཐད་ནས་གྲོས་གཞི་དང་བསམ་འཆར་རྩ་ཆེན་བཏོན།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཤ་བོ་སྒྲོལ་མས་བཤད་རྒྱུར། ཞིབ་དཔྱོད་སྒོ་འབྱེད་ཉིན་མོས་དངོས་སུ་ལྟ་སྐོར་བྱེད་པ་དང་། འགྲེལ་བཤད་ཡར་ཞུ། བཅའ་ཁྲིམས་བློ་འདྲོ་སོགས་ཀྱི་རྣམ་པ་བརྒྱུད་དེ། ང་ལ་ཞིབ་དཔྱོད་ལས་ཁུངས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཉེ་བའི་ལོ་འགའི་རིང་ལ་བུད་མེད་བྱིས་པའི་ཁེ་དབང་ཁྱབ་ཁོངས་ལ་སྲུང་སྐྱོབ་དང་འགན་སྲུང་བྱེད་ཆེད་འབད་འཐབ་ལྷོད་མེད་དང་བྱ་བ་མང་པོ་བསྒྲུབས་པའི་ཚོར་སྣང་ཟབ་མོ་བྱིན་པ་དང་། རྗེས་ཕྱོགས་སུ་མུ་མཐུད་དུ་འགན་འཁྲི་ལག་བསྟར་བྱེད་པ་དང་། ཕྱོགས་མང་པོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། བུད་མེད་བྱིས་པའི་ཁེ་དབང་ལ་འགན་སྲུང་བྱེད་པའི་ཁྲིམས་སྐྱོང་གི་འགོག་རར་སྲུང་སྐྱོབ་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།

རིན་ཆེན་མཚོས་བསྒྱུར།