གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ཀྲུའུ་ཞིའི་གསོ་སྦྱོང་འཛིན་གྲྭ་བསྡུས།
2024.04.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས22ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་སྲིད་འཛིན་སློབ་གླིང་གིས་འགན་སྒྲུབ་བྱས་པའི་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ཀྲུའུ་ཞིའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་བཅས་སོ་སོ་ནས་ཡོང་བའི་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་ང་ལྔ་གསོ་སྦྱོང་ལ་ཞུགས།

ཐེངས་འདིའི་གསོ་སྦྱོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་ཟབ་མོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ཤིང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ཀྲུའུ་ཞིའི་འགན་སྒྲུབ་དགོས་མཁོ་གཅིག་སྡུད་བྱས་པ་དང་། ཆེད་ལས་བྱང་ཚད་དང་བསམ་གཞིགས་ནུས་པ། ལག་ལེན་ཆུ་ཚད་བཅས་མཐོར་འདེགས་གཏོང་རྒྱུར་གཞིགས་ཏེ། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་ཐབས་ལམ་སྤྱད་པ་དང་། ཆེད་དོན་གསབ་ཁྲིད་དང་། ཡུལ་དངོས་སློབ་ཁྲིད། བརྗེ་རེས་བགྲོ་གླེང་སོགས་ཀྱི་རྣམ་པ་ཕྱོགས་བསྡུས་སྒོས་བེད་སྤྱོད་བྱས་ནས། མི་དམངས་སྲིད་གྲོས་ཀྱི་གཞུང་ལུགས་དང་ལག་ལེན། དུས་རབས་གསར་བའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་དགོངས་པ་གལ་ཆེན། ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་གྲོས་མོལ་བྱ་བའི་སྲོལ་ཡིག ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན། ལྗང་མདོག་རྩིས་ནུས་སོགས་ཀྱི་ནང་དོན་ལ་གསོ་སྦྱོང་བྱས་ཤིང་། གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ཀྲུའུ་ཞིས་ཁྱོན་ཡོངས་འདུ་ཤེས་དང་འཕེལ་རྒྱས་འདུ་ཤེས་བརྟན་པོ་འཛུགས་པར་སློབ་གསོ་དང་ཁྲིད་སྟོན་བྱས་པ་དང་། འགན་སྒྲུབ་ནུས་པ་ཇེ་ཆེ་དང་ཞབས་ཞུའི་ཆུ་ཚད་ཇེ་མཐོར་ཏན་ཏིག་བཏང་སྟེ། བསམ་བློ་དང་། ནུས་པ། བྱ་སྤྱོད་བཅས་ཏང་ཨུའི་ཇུས་ཆོད་བླང་བྱ་དང་དུས་རབས་ཀྱི་མདུན་བསྐྱོད་གོམ་སྟབས། བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་བཅས་དང་བསྟུན་ནས། ཏང་ཨུས་ཅི་ཞིག་བསམ་ན་སྲིད་གྲོས་ཀྱིས་དེ་ལྟར་འཆར་འགོད་བྱེད་པ་དང་། སྲིད་གཞུང་གིས་ཅི་ཞིག་བསྒྲུབ་ན་སྲིད་གྲོས་ཀྱིས་དེར་རོགས་རམ་བྱེད་དགོས། 

སློབ་མ་རྣམས་ཀྱིས་བསྟན་དོན། ཐེངས་འདིའི་སློབ་སྦྱོང་གོ་སྐབས་དམ་འཛིན་གང་ལེགས་བྱེད་པ་དང་། སློབ་སྦྱོང་དང་བསམ་གཞིགས་ནན་ཏན་བྱས་ནས་བློ་སྐྱེད་དང་གོ་རྟོགས། ཐོབ་བྱ་བཅས་ཡོད་པར་བྱེད་ཅིང་། སློབ་སྦྱོང་གི་ཐོབ་བྱ་དེ་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་བའི་རིག་ནུས་ཀྱི་རྨང་གཞིར་བསྒྱུར་དགོས། ཆབ་སྲིད་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་དགོས་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་རྒྱུས་ལོན་དང་གོ་རྟོགས་གཏིང་ཟབ་ཏུ་བཏང་སྟེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབ་དགོས། སློབ་སྲོལ་དང་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་བ་དང་། བཀག་སྡོམ་བཅུའི་སྒྲིག་ལམ་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། གསོ་སྦྱོང་གི་སྒྲིག་ལམ་བརྩི་སྲུང་ནན་མོ་བྱེད་པ་དང་། སློབ་སྦྱོང་གི་སྤྱོད་ཚུལ་བཟང་པོ་བཟུང་ནས་མཚོ་སྔོན་གྱི་སྲིད་གྲོས་མི་སྣའི་སྤྱོད་བཟང་ཉམས་འགྱུར་མངོན་དགོས།

ལྷ་མོ་འཚོས་བསྒྱུར།