མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
2024.04.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས25ཉིན།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག་ཁྱབ་བསྒྲགས་ལག་བསྟར་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ་དང་། གསར་འགོད་པས་ཚོགས་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཁྲིམས་འཛུགས་སྲོལ་ཡིག་དེར2024ལོའི་ཟླ2པའི་ཚེས2ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། 2024ལོའི་ཟླ3པའི་ཚེས13ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་སྟེང་ཆོག་མཆན་བཀོད་པ་དང་། 2024ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ཁྲིམས་འཛུགས་སྲོལ་ཡིག་ལ་སྤྱིའི་རྩ་དོན་དང་ཁྲིམས་འཛུགས་འཆར་འགོད། ཁྲིམས་འཛུགས་འཆར་གཞི།  ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཁྲིམས་འཛུགས་གོ་རིམ།  ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་གོ་རིམ། རང་སྐྱོང་སྲོལ་ཡིག་དང་སྲོལ་ཡིག་རྐྱང་མ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་བཟོ་བཅོས་དང་། བཀོལ་མཚམས་འཇོག་པ་དང་འགྲེལ་བཤད། གཏན་འབེབས་གཞན་དག ཞར་བྱུང་བཅས་ལེའུ་བདུན་དང་དོན་ཚན་ང་བརྒྱད་འདུས་ཡོད། ཁྲིམས་འཛུགས་སྲོལ་ཡིག་གཏན་འབེས་བཟོ་རྒྱུ་ནི་མཚོ་བྱང་ཁུལ་གྱིས་ཏང་ཨུས་འགོ་ཁྲིད་བྱེད་པ་དང་། དམངས་ཆེན་གྱིས་གཙོ་ཁྲིད་བྱེད་པ། སྲིད་གཞུང་གིས་མཉམ་སྒྲུབ་བྱེད་པ་དང་། ཕྱོགས་སོ་སོས་གཞོགས་འདེགས་བྱེད་པ། སྤྱི་དམངས་ཚབ་ཞུགས་བྱེད་པ་བཅས་ཀྱི་ཁྲིམས་འཛུགས་བྱ་བའི་རྣམ་པ་བསྐྲུན་པའི་མངོན་ཚུལ་གལ་ཆེན་ཞིག་ཡིན་ལ། དེས་མཚོ་བྱང་ཁུལ་གྱི་ཁྲིམས་འཛུགས་བྱ་བར་ཁྱོན་ཡོངས་འཐུས་ཚང་གི་གོ་རིམ་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་ཡོད་པ་མཚོན་ཞིང་། མཚོ་བྱང་ཁུལ་གྱི་ཁྲིམས་འཛུགས་བྱ་བ་ལོ་རྒྱུས་ཀྱི་སྐས་རིམ་གསར་བར་བསྐྱོད་པ་མཚོན་ཡོད་དེ། ཁྲིམས་འཛུགས་ལམ་ལུགས་སྔར་ལས་འཐུས་ཚང་དང་ཁྲིམས་འཛུགས་གོ་རིམ་སྔར་ལས་ཚད་ལྡན་གཏོང་བ་དང་། ཁྲིམས་འཛུགས་ཁྲོད་ཀྱི་སྣེ་ཁྲིད་དང་སྐུལ་འདེད་བྱེད་ནུས་འདོན་སྤེལ་བྱས་ནས། ཁྲིམས་སྐྱོང་མཚོ་བྱང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་འགན་སྲུང་བྱེད་ནུས་ཧུར་ཐག་གིས་འདོན་སྤེལ་བྱེད་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།