གཡུ་འབྲུག་ལྷ་རྩེ་རི་བོར་འགོ་བའི་འདུ་ཚོགས་ཆེན་མོ་སྐབས་ཉེར་གཉིས་པ་ན་གོར་མོ་གྲོང་ཁྱེར་དུ་སྤེལ་མགོ་བརྩམས།
2024.04.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས27ཉིན་གཡུ་འབྲུག་ལྷ་རྩེ་རི་བོར་འགོ་བའི་འདུ་ཚོགས་ཆེན་མོ་སྐབས་ཉེར་གཉིས་པ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་སྤེལ་མགོ་བརྩམས། ཐེངས་འདིའི་ཚོགས་ཆེན་ལ་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་མཛུབ་སྟོན་བྱས་པ་དང་། ན་གོར་མོ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཆུ་དམར་ལེབ་རྫོང་མི་དམངས་སྲིད་གཞུང་། མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཡུས་ཧྲུའུ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་ཞིང་ཆེན་དགུན་དུས་རྣམ་གྲངས་དང་ཕྱི་རོལ་ལུས་རྩལ་དོ་དམ་ལྟེ་གནས་བཅས་ཀྱིས་གཙོ་གཉེར་བྱས་པ་རེད། བྱེད་སྒོ་དེ་ཟླ5པའི་ཚེས3ཉིན་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་དང་རི་འགོར་འགོ་བར་དགའ་མཁན80ཡིས་མཚོ་ངོས་ལས་མཐོ་ཚད་སྨི6178ཡོད་པའི་གཡུ་འབྲུག་ལྷ་རྩེ་རི་བོར་འགོ་རྒྱུ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། སྐབས་འདིའི་གཡུ་འབྲུག་ལྷ་རྩེ་རི་བོར་འགོ་བའི་འདུ་ཚོགས་ལ་ཞུགས་མཁན་གྱི་ལུས་རྩལ་པ་དག་ནི་སོ་སོར་པེ་ཅིང་དང་ཧྲང་ཧེ། ཀོང་ཀྲོའུ། ནན་ཅིན། ཧྲིན་ཀྲིན། ཧང་ཀྲོའུ་སོགས་ས་ཁུལ་ནས་ཡོང་བ་དང་། ན་གོར་མོ་ས་ཁོངས་ཀྱི་བྱང་ངོས་དང་ཡུས་ཧྲུའུ་ཁུལ་ཆུ་དམར་ལེབ་རྫོང་ས་ཁོངས་ཀྱི་ལྷོ་ངོས་ནས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི6178ཡོད་པའི་གཡུ་འབྲུག་ལྷ་རྩེ་རི་བོའི་རྩེ་མོར་འགོ་རྒྱུ་རེད།

གཡུ་འབྲུག་ལྷ་རྩེ་རི་བོར་འགོ་བའི་འདུ་ཚོགས་བསྟུད་མར་སྐབས22ལ་སྤེལ་པ་དང་། ཀྲུང་གོའི་དམངས་ཁྲོད་ཀྱི་རི་འགོར་འགོ་བའི་བྱེད་སྒོའི་འབྱུང་གནས་ཡིན་པའི་ཆ་ནས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡིས་སེམས་ཞིབ་མོས་ཇུས་འགོད་བྱས་པ་བརྒྱུད་རི་འགོར་འགོ་བའི་བྱ་འགུལ་གྱི་ཤུགས་རྐྱེན་ལོ་རེ་བཞིན་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་འགྲན་སྡུར་སྒྲིག་འཛུགས་དང་མཁོ་སྒྲུབ་འགན་ལེན། རི་འགོར་འགོ་བའི་མཉམ་ལས་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་སོང་བ་དང་མཉམ་དུ། རི་འགོར་འགོ་བར་དགའ་མཁན་སྔར་ལས་མང་པོ་གཡུ་འབྲུག་ལྷ་རྩེ་རི་བོར་འགོ་བཞིན་ཡོད། བྱ་འགུལ་སྤེལ་བ་བརྒྱུད་གཡུ་འབྲུག་ལྷ་རྩེ་རི་བོར་འགོ་བའི་ཚོགས་ཆེན་གྱི་མཚན་སྙན་དང་འགུག་ཤུགས་སྔར་ལས་ཇེ་ཆེར་སོང་ནས། མཚོ་སྔོན་གྱི་སྐྱེ་ཁམས་ལེགས་ཆ་དེ་ཕྱི་རོལ་གྱི་ལུས་རྩལ་ལེགས་ཆ་དང་། ལུས་རྩལ་ཐོན་ལས་ལེགས་ཆ། རྣམ་གྲངས་འཕེལ་རྒྱས་ཀྱི་ལེགས་ཆ། ལུས་རྩལ་ཡུལ་སྐོར་ལེགས་ཆ་བཅས་སུ་བསྒྱུར་ནས་མཚོ་སྔོན་གྱི་རི་འགོར་འགོ་བའི་ཐོན་ལས་ཀྱི་རྣམ་པ་གསར་པ་མཉམ་སྐྲུན་བྱ་རྒྱུ་རེད།