དུས་ཚིགས་དང་པོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཅུའུ་ཡིས་ཁག་ཐེག་གཉིས་དང་མཐོར་འདེགས་གསུམ། ཤུགས་སྣོན་གཉིས་གཙིགས་འཛིན་བྱས་ནས། སྤུས་ཚད་མཐོན་པོས་དཔྱིད་འདེབས་ཐོན་སྐྱེད་དང་སྒོ་ཕྱུགས་བཤས་ཁོངས་སུ་གཏོང་བ། ལས་གཞི་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་སྤེལ་བས། ཁུལ་ཡོངས་ཀྱི་ཕྱུགས་ལས་དཔལ་འབྱོར་ཐད་ནས་གྲུབ་འབྲས་བཟང་བོ་བླངས། ཟླ་བཞི་པའི་ཚེས་ཉེར་ལྔ་ཉིན་བར་དུ། ཁུལ་ཡོངས་ཀྱིས་ཞིང་ནགས་ཕྱུགས་ཉའི་ལས་རིགས་ཀྱི་སྤྱིའི་ཐོན་རིན་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ས་ཡ་དགུ་ལ་སླེབས་པ་དང་། དེ་ལོ་སྔོན་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ལྔ་དང་གྲངས་ཆུང་ཐིག་བཞི་འཕར། ཁུལ་ཡོངས་ཀྱི་ཕྱུགས་ལས་ཐོན་རྫས་ཀྱི་ཐོན་ཚད་ཏུན་སྟོང་གསུམ་དང་བཅུ་དྲུག་ལྷག་ལ་སླེབས་པ་དང་། ཕྱུགས་ལས་ཐོན་རྫས་གཙོ་བོའི་ཚོང་རའི་མཁོ་འདོན་གཏན་འཇགས་མོད་པོ་ཡིན།
མིག་སྔའི་བར་དུ། རྨ་ལྷོ་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྦྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར་དྲུག་དང་གྲངས་ཆུང་གསུམ་བརྩོན་ལེན་བྱས་པ་དང་། ལས་གཞི་ཇུས་གཞི་སྒྲིག་བཟོ་བྱས་ཚར། མ་དངུལ་སྒོར་བྱེ་བ་བཞི་དང་འབུམ་གཉིས་ཁྲི་བདུན་བཏང་ནས། དུས་ཚིགས་དང་པོར་རྟེན་གཞི་སྐྱེད་སྲིང་དང་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན། སོན་བཟང་རྒྱུད་སྤེལ། ཞིང་ཕྱུགས་ལས་ཀྱི་ཁ་གསབ་སོགས་ཞིང་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་ཐད་ཀྱི་ལས་གཞི་རེ་དྲུག་ལག་བསྟར་བྱས། ཞིང་ལས་དང་འབྲེལ་བའི་མ་དངུལ་རྩིས་རྒྱག་ཁུངས་སྤོའི་ལས་གཞི་ལག་བསྟར་བྱས་ནས། མིག་སྔར་ཚད་གཞི་མཐོ་བའི་ཞིང་ས་དང་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པའི་ཚོད་ལྟའི་རྫོང་གི་ལས་གཞི་སོགས་ལས་གཞི་བཅོ་ལྔ་ཡང་བསྐྱར་ལག་བསྟར་བྱེད་འགོ་བརྩམས།
དེ་ལས་གཞན། ཁུལ་ཡོངས་ཀྱི་དཔྱིད་ཀའི་རྨོ་འདེབས་ཀྱི་རྒྱ་ཁྱོན་སྤྱི་ཆིངས་སྟོང་དགུ་དང་བརྒྱ་དང་ཉེར་དྲུག་ལ་སླེབས་པ་དང་། ཐུན་རིན་གྲོང་ཁྱེར་དང་གཅན་ཚ་རྫོང་སོ་སོ་རུ་གཅིག་བསྡུས་མུ་འབྲེལ་སྒོས་གྲོ་དང་ནས། ཞོག་ཁོག སྐེ་ཚེ་བཅས་ཀྱི་མུའུ་སྟོང་གི་སོན་བཟང་རྒྱུད་སྤེལ་རྟེན་གཞི་བཙུགས་ནས། སོན་ལས་དར་སྤེལ་ལ་སྐུལ་འདེད་བཏང་བ་དང་འབྲུ་རིགས་བདེ་འཇགས་ཀྱི་རོགས་འདེགས་ལ་ཁག་ཐེག་བྱས།
རིན་ཆེན་མཚོས་བསྒྱུར།