སྲིད་གཞུང་དངུལ་གཏོང་ཐེབས་རྩས་ཟི་ལིང་གསར་སྤེལ་ཁུལ་གྱི་ཁེ་ལས་འཕེལ་རྒྱས་ཐད་གཞོགས་འདེགས་བྱ་རྒྱུ་རེད།
2024.04.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྲིད་གཞུང་དངུལ་གཏོང་ཐེབས་རྩའི་མ་དངུལ་དང་ཁེ་ལས་གླིང་ཁུལ་དུ་བསྐྱོད་པའི་བྱེད་སྒོ་དེ་ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་སྤེལ་བ་དང་། ཞིང་ཆེན་སྲིད་གཞུང་དངུལ་གཏོང་ཐེབས་རྩ་དོ་དམ་གཞུང་སྒྲུབ་ཁང་དང་། ཞིང་ཆེན་ནོར་སྲིད་ཐིན་གྱིས་མཛུབ་སྟོན་བྱས་ཤིང་།  མཚོ་སྔོན་ཞིང་ཆེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྲིད་གཞུང་དངུལ་གཏོང་ཐེབས་རྩས་གཙོ་སྒྲུབ་བྱས་པར་མ་ཟད།  ཞིང་ཆེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྲིད་གཞུང་དངུལ་གཏོང་ཐེབས་རྩའི་དོ་དམ་པ་སྟེ་མཚོ་སྔོན་ནོར་སྲིད་སྒེར་བསྡུ་དངུལ་གཏོང་ཐེབས་རྩ་དོ་དམ་ཚད་ཡོད་ཀུང་ཟི་དང་། ཟི་ལིང་གསར་སྤེལ་ཁུལ་གྱིས་མཉམ་འབྲེལ་སྒོས་འགན་སྒྲུབ་བྱས། གཙོ་བོ་སྲིད་གཞུང་དངུལ་གཏོང་ཐེབས་རྩའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། སྤྱི་ཚོགས་དངུལ་གཏོང་ལ་ཡར་སྐུལ་དང་། སྔར་ལས་མང་བའི་སྤུས་ལེགས་ཐོན་ལས་ཐོན་ཁུངས་བསྡུ་འགུག་བྱས་ནས། ཟི་ལིང་གསར་སྤེལ་ཁུལ་གྱི་ཐོན་ལས་སྤུས་འདེགས་རིམ་སྤོར་བྱ་རྒྱུ་དེ་རེད།

ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་དངུལ་གཏོང་ཐེབས་རྩ་ཐོག་མ་ཡིན་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྲིད་གཞུང་དངུལ་གཏོང་ཐེབས་རྩས་དངུལ་གཏོང་ཁྱབ་ཁོངས་ཀྱིས་ཐོན་ལས་ཀྱི་གནས་བཞི་བསྐྲུན་པ་དང་དམ་པོར་སྦྲེལ་ཏེ། ཚད་ཡོད་ཀྱི་མཉམ་འབྲེལ་ལམ་ལུགས་བསྡུ་ལེན་བྱ་རྒྱུ་ཡིན་ལ། མཚོ་སྔོན་ནོར་སྲིད་སྒེར་བསྡུ་དངུལ་གཏོང་ཐེབས་རྩ་དོ་དམ་ཀུང་ཟི་ནི་ཐེབས་རྩའི་དོ་དམ་པ་གཙོ་བོ་ཡིན། མཚོ་སྔོན་ནོར་སྲིད་ཀྱིས་ཐེངས་འདིར་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་སྤྱི་ཚོགས་དངུལ་གཏོང་ལས་ཁུངས་དགུ་དང་། ཁེ་ལས་བཞི། ཟི་ལིང་གསར་སྤེལ་ཁུལ་གྱི་མ་དངུལ་བསྡུ་སྒྲིལ་དགོས་མཁོའི་ཁེ་ལས་དྲུག་བཅས་རྩ་འཛུགས་བྱས་ཏེ་གནད་ཁེལ་གྱི་སྦྲེལ་མཐུད་བྱ་བ་སྤེལ་རྒྱུ་དང་། ཕྱོགས་གཉིས་ཀྱིས་དངུལ་གཏོང་ཁྱབ་ཁོངས་གཙོ་བོ་དང་། མཚོ་སྔོན་དུ་དངུལ་གཏོང་བྱེད་པའི་རེ་འདུན་ཡོད་མེད། ཐོན་རྫས་རིན་ཐང་། མ་དངུལ་བསྡུ་སྒྲིལ་དགེ་མཚན་སོགས་ཀྱི་ཐད་ནས་བསམ་ཚུལ་བརྗེ་རེས་བྱས་ཤིང་། རྣམ་གྲངས་རིགས་སྣ་མང་ཞིང་ལས་རིགས་ཁྱབ་ཆེ་ལ། རྒྱུ་ཆ་གསར་བ་དང་འོད་ནུས། སྐྱེ་དངོས་སྨན་རྫས། གློག་རྡུལ་ཆ་འཕྲིན་ཐོན་ལས་སོགས་དང་འབྲེལ་བ་ཡོད།

ཟི་ལིང་གསར་སྤེལ་ཁུལ་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་རྒྱུར། ཐེངས་འདིའི་བྱེད་སྒོ་བདེ་ལེགས་ངང་སྤེལ་བ་དེས་དངུལ་གཏོང་ལས་ཁུངས་དང་གླིང་ཁུལ་ཁེ་ལས་བར་བརྗེ་རེས་ཀྱི་སྟེགས་བུ་ལེགས་པོ་ཞིག་བཙུགས་ཡོད། ཞིང་ཆེན་དང་གྲོང་ཁྱེར་གྱི་ཐོན་ལས་འཕེལ་རྒྱས་ཀྱི་རྟེན་གཞི་གཙོ་བོ་ཡིན་པའི་ཆ་ནས། གསར་སྤེལ་ཁུལ་གྱི་གཏན་འཇགས་མ་དངུལ་གྱི་དངུལ་གཏོང་དང་། བཟོ་ལས་དངུལ་གཏོང་། སྤྱིར་བཏང་བཟོ་ལས་དངུལ་གཏོང་སོགས་དཔལ་འབྱོར་ཚད་གཞི་གཙོ་བོས་འཕར་སྣོན་གྱི་རྣམ་པ་ལེགས་པོ་སྲུང་འཛིན་བྱས་ཤིང་། གནས་བབ་ཅུང་ལེགས་ཤིང་སྒུལ་ནུས་འདང་ངེས་ཡོད། གསར་སྤེལ་ཁུལ་གྱིས་ཐེངས་འདིའི་བྱེད་སྒོའི་གོ་སྐབས་ལེགས་པོ་བེད་སྤྱད་དེ། སྲིད་གཞུང་དངུལ་གཏོང་ཐེབས་རྩའི་ཐོན་ཁུངས་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། མ་དངུལ་དང་ཐོན་ལས་མཉམ་འདྲེས་བྱེད་པར་སྐུལ་སློང་བྱས་ནས། གསར་དར་ཐོན་ལས་དང་མ་འོངས་ཐོན་ལས་མངོན་འགྱུར་བྱེད་པར་གནད་ཁེལ་སྩོལ་ནུས་འདོན་རྒྱུ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།