ཟླ4པའི་ཚེས28ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། མཚོ་ནུབ་ཁུལ་གྱི་ཞིང་ཕྱུགས་ལས་ལས་ཁུངས་ཀྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་རྒྱུ་དེ་སྣེ་ཁྲིད་དུ་བྱས་པ་དང་། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་གསར་སྐྲུན་བྱེད་རྒྱུ་གཙོར་བཟུང་ནས། དུས་ཚིགས་དང་པོར་ཐོན་ལས་དང་པོའི་འཕར་སྣོན་རིན་གྲངས་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་དགུ་ལ་སླེབས་པ་དང་། བརྒྱ་ཆའི་ལྔ་དང་གྲངས་ཆུང་དྲུག་ཇེ་མང་དུ་སོང་།
མཚོ་ནུབ་ཁུལ་ཞིང་ཕྱུགས་ལས་ཁུངས་ཀྱིས་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་གཅིག་དང་ཚལ་སླེ་ཧྲི་ཀྲང་དང་རྫོང་དཔོན་གྱིས་འགན་ཁུར་བའི་ལམ་ལུགས་གཏན་ཁེལ་གསལ་བོ་བྱས་པ་དང་། དུས་ཐོག་ཏུ་ས་ཁུལ་སོ་སོའི་འབྲུ་སྣུམ་དང་སྔོ་ཚལ་འདེབས་པའི་ལས་འགན་བགོ་བཤའ་བྱས་ནས། ས་ཁུལ་སོ་སོས་འདེབས་གསོ་གྲུབ་ཚུལ་ལེགས་སྒྱུར་བྱེད་པར་སྣེ་ཁྲིད་བྱས་པ་དང་། སྔོན་དཔག་ལྟར་ན་ད་ལོར་རིགས་མི་འདྲ་བའི་ལོ་ཏོག་འདེབས་གསོའི་རྒྱ་ཁྱོན་མུའུ་ས་ཡ་གཅིག་དང་འབུམ་གཅིག་ས་ཡ་དྲུག་ཏུ་སླེབས་པར་བྱས། མཚོ་ནུབ་ཁུལ་གྱིས་ལུ་གུ་སྐྱེ་ལེན་གསོ་སྐྱོང་དང་གནོད་འགོག་ཕྱུགས་སྲུང་། ཕྱུགས་ཟོག་བཤས་ཁོངས་སུ་གཏོང་བ་བཅས་གཙོར་བཟུང་ནས་རྗེས་འདེད་བྱས་པ་དང་། ཕྱུགས་ལས་དཔལ་འབྱོར་གྱི་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་འཇགས་འཕར་སྣོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ལ། དུས་ཚིགས་དང་པོའི་ནོར་བཤས་ཁོངས་སུ་གཏོང་ཚད་ཁྲི་གཉིས་དང་སྟོང་ལྔ་དགུ་བརྒྱར་སླེབས་པ་དང་། ལུག་བཤས་ཁོངས་སུ་གཏོང་ཚད་འབུམ་གཅིག་དང་ཁྲི་དྲུག་སྟོང་ལྔ་སུམ་བརྒྱར་སླེབས་ལ། ཁྱིམ་བྱ་བཤས་ཁོངས་སུ་གཏོང་ཚད་ཁྲི་གསུམ་དང་སྟོང་གཉིས་བཞི་བརྒྱ་རུ་སླེབས།
མཚོ་ནུབ་ཁུལ་ཞིང་ཕྱུགས་ལས་ཁུངས་ཀྱིས་ཞིང་ལས་རྒྱུ་ཆས་མཁོ་འདོན་བཀོད་གཏོང་ལ་ཤུགས་བསྣན་པ་དང་། ལུད་རྫས་དང་ལོ་ཏོག་གི་ས་བོན། ཞིང་སྨན། ཞིང་སྤྱོད་ཆུ་ཤོག་བཅས་གསོག་འཇོག་བྱས་ལ། བསྡོམས་པས་ཞིང་ནགས་ཕྱུགས་ཉ་ལས་རིགས་ཀྱི་དངུལ་བུན་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་བདུན་བྱེ་བ་ལྔ་ས་ཡ་བརྒྱད་བཏང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པ་དང་གྲོང་གསེབ་ཐོན་ལས་དར་སྤེལ་གཏོང་བར་དམིགས་ནས། མཚོ་ནུབ་ཁུལ་ཞིང་ཕྱུགས་ལས་ཁུངས་ཀྱིས་ད་ལོར་བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཉིས་དང་བྱེ་བ་བཞི་ས་ཡ་དགུ་བཏང་ནས་རྨང་གཞི་མཐོར་འདེགས་རིགས་དང་ཞིང་ལས་ཐོན་རྫས་ལས་སྣོན་རིགས། ཞབས་ཞུ་འདེགས་སྐྱོར་མ་ལག་འཛུགས་སྐྲུན་རིགས་བཅས་རིགས་སྣ་ཆེན་པོ་བརྒྱད་ཀྱི་ལས་གཞི་བརྒྱ་དང་ང་བཞི་ལག་བསྟར་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་། དེ་ལོ་སྔོན་མའི་འཆར་འགོད་དངུལ་གཏོང་དང་བསྡུར་ན་བརྒྱ་ཆའི་གསུམ་དང་གྲངས་ཆུང་གཉིས་འཕར་ཡོད། མིག་སྔར། ལུད་རྫས་ཉུང་གཏོང་ནུས་སྤེལ་དང་འཕེལ་རྒྱས་མིན་པའི་རྒྱལ་དབང་ཞིང་ར་སྲ་བརྟན་མཐོར་འདེགས་གཏོང་བ། དེང་རབས་ཞིང་ལས་ཐོན་ལས་ར་བ་སོགས་ལས་གཞི་ཉེར་བཞི་ལག་བསྟར་བྱེད་ཀྱིན་ཡོད་པ་དང་། མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་དྲུག་བཏང་ལ། ལས་གཞི་དག་སྒོ་རིམ་ལྡན་པའི་ངང་འཛུགས་སྐྲུན་བྱེད་བཞིན་པའི་སྒང་རེད།
རིན་ཆེན་མཚོས་བསྒྱུར།