ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གིས་བྱེད་ཐབས་སྣ་མང་སྤྱད་དེ་ལྔ་གཅིག་གུང་གསེང་སྐབས་ཀྱི་བདེ་འཇགས་བརྟན་འཇགས་བྱ་བར་ཁག་ཐེག་བྱ་རྒྱུ་རེད།
2024.04.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས28ཉིན། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ལྔ་གཅིག་གུང་གསེང་སྐབས་ཀྱི་བདེ་འཇགས་སྲུང་བའི་བྱ་བའི་བརྙན་རིས་བཀོད་གཏོང་གྲོས་ཚོགས་བསྡུས་ཏེ། ལྔ་གཅིག་གུང་གསེང་སྐབས་ཀྱི་གནམ་གཤིས་གནས་ཚུལ་དང་ཟུང་འབྲེལ་གྱིས། བདེ་འཇགས་སྲུང་བའི་ལས་དོན་ཁག་སོ་སོར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས།

ལྔ་གཅིག་གུང་གསེང་སྐབས་སུ། མི་སྣ་འགྲོ་འོང་དང་དངོས་ཟོང་འཁོར་རྒྱུགས། རླངས་འཁོར་འགྲོ་སྐྱོད་སོགས་ཇེ་མང་དུ་སོང་བ་དང་བསྟུན་ནས། ཐོན་སྐྱེད་ཚོང་གཉེར་བྱེད་སྒོ་ཆེས་ལེགས་པའི་དུས་ཚིགས་སུ་སླེབས་པས་བདེ་འཇགས་གནས་བབ་ཛ་དྲག་ཏུ་འགྱུར་ངེས།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་རྩ་བཅོས་མཁྲེགས་གཏོར་གྱི་ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞིར་དམིགས་པ་དང་། འགུལ་སྐྱོད་ཆེན་པོ་དགུ་གཙོར་འཛིན་པ་དང་ལས་འགན་གལ་ཆེན67དམིགས་སུ་བཟུང་སྟེ། གསལ་ཁྲ་དང་ལས་དོན་གཙོ་བོ་གསལ་འགྲེལ་བཅོས་སྒྲིག་བྱེད་པ་དང་། གསར་ཁྲ་ཅན་གྱི་སྐུལ་སྤེལ་བྱེད་ཐབས་དང་། རྩིས་ཐོ་ཅན་གྱི་དོ་དམ་བྱེད་ཐབས། རྒྱུན་རྣམ་ཅན་གྱི་ཕན་ནུས་འདྲི་རྟོགས་བྱ་བའི་ལམ་ལུགས་འཛུགས་རྒྱུ་མ་ཟད། བྱ་བའི་བཀོད་གཏོང་དང་དབྱེ་ཞིབ་བརྡར་གཅོད་ལ་ཤུགས་བསྣན་ཏེ། ལས་རིགས་ཁྱབ་ཁོངས་སོ་སོར་གནས་པའི་ཉེན་ཁ་དང་མངོན་མེད་འགོག་རྐྱེན་གལ་ཆེན་ཡང་དག་པར་བཙལ་ནས། རིམ་པ་སོ་སོ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དངོས་འབེབས་བྱེད་པར་ལྟ་སྐུལ་བྱ་རྒྱུ་རེད།

ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་ལྔ་གཅིག་དུས་སྐབས་དང་ཐོན་སྐྱེད་ཚོང་གཉེར་བཟང་དུས་ཀྱི་ཁྱད་ཆོས་དང་བསྟུན་པ་དང་། ཁག་ཐེག་ལྔ་དམ་འཛིན་འབུར་ཐོན་བྱས་ཏེ། རིགས་སོ་སོའི་དོན་རྐྱེན་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་དང་གཏན་འགོག་བྱ་རྒྱུ་རེད། དུས་ཆེན་སྐབས་ཀྱི་ལས་རེས་སྒྲིག་ཁྲིམས་ཇེ་དམ་དུ་བཏང་སྟེ། མགོ་ཁྲིད་ལས་བྱེད་པས་ལས་གནས་སྟེང་སྣེ་ཁྲིད་ཀྱི་ནུས་པ་འདོན་པ་དང་དུས་ཚོད་ཉེར་བཞིའི་རིང་ལས་རེས་ལས་སྲུང་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། དུས་ལྟར་གནད་ཁེལ་སྒོས་བྲེལ་མྱུར་བརྡ་འཕྲིན་སྐྱེལ་བ་དང་རིགས་སོ་སོའི་དོན་རྐྱེན་དང་གནོད་འཚེ་ལ་ཕན་ནུས་མཐོ་བའི་སྒོ་ནས་ཁ་གཏད་འཇལ་བ་དང་ཐག་གཅོད་བྱ་རྒྱུ་རེད།

རང་ཞིང་གིས་སྐུལ་ཁྲིད་ཞིབ་བཤེར་ལ་སྔར་ལས་ཤུགས་སྣོན་བྱས་ཏེ། ཁ་གཏད་རང་བཞིན་གྱིས་གཏེར་རི་དང་ཉེན་ཁའི་རྫས་འགྱུར། བཟོ་ལས་ཚོང་ཟོང་། འབར་རླངས། རིག་གནས་ཡུལ་སྐོར། གློག་སྒུལ་ལྕགས་རྟ་སོགས་ཀྱི་ལས་རིགས་ཁྱབ་ཁོངས་གཙོར་བཟུང་ནས་ཞིབ་བཤེར་བྱ་རྒྱུ་ཡིན་ལ། རིགས་སོ་སོའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་རྒྱུ་རེད། རྒྱལ་ཁབ་ཕྱོགས་སྡུས་རང་བཞིན་གྱི་མེ་འགོག་རོགས་སྐྱོབ་རུ་ཁག་དང་ས་གནས་ནགས་ཚལ་དང་། བདེ་འཇགས་ཐོན་སྐྱེད་སོགས་རིགས་སོ་སོའི་འཕྲལ་བསྟུན་རོགས་སྐྱོབ་རུ་ཁག་གིས་འཕྲལ་བསྟུན་གྲ་སྒྲིག་བྱ་བ་བསྒྲུབ་སྟེ། ཉེན་ཁ་བྱུང་ཚེ་དུས་ལྟར་ཉེན་སྐྱོབ་ལ་རྒྱལ་ཁ་ལེན་པར་ཁག་ཐེག་བྱ་དགོས།

རིག་འཛིན་སྒྲོལ་མས་བསྒྱུར།