མཚོ་སྔོན་ཞིང་ཆེན་གྱི་ཚོང་རའི་ལྟ་རྟོག་དོ་དམ་ཅན་གཉིས་ཀྱི་ལྟ་སྦྱོང་ཚོགས་འདུ་ཁྲི་ཀ་ནས་བསྡུས།
2024.05.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན། རང་ཞིང་གི་ཚོང་རའི་ལྟ་རྟོག་དོ་དམ་ཁང་གི་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་འཛུགས་སྐྲུན་གྱི་ལྟ་སྦྱོང་དང་སྐུལ་འདེད་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ནས་བསྡུས། ཞིང་ཆེན་ཚོང་རའི་ལྟ་རྟོག་དོ་དམ་ཅུའུ་དང་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་། ས་ཁུལ་བཅས་ཀྱི་ཚོང་རའི་ལྟ་རྟོག་དོ་དམ་ཅུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་། རྒྱལ་ཁབ་ཀྱི་སྐར་ལྔའི་ཚོང་རའི་ལྟ་རྟོག་དོ་དམ་ཁང་གཉིས་དང་སྐར་བཞི་དང་སྐར་གསུམ་གྱི་ཚོང་རའི་ལྟ་རྟོག་དོ་དམ་ཁང་གི་མགོ་བ་སོགས་བསྡོམས་པས་མི་བརྒྱ་དང་ལྔ་ཡིས་ཡུལ་དངོས་ལྟ་སྦྱོང་བྱས་པར་མ་ཟད་གྲོས་ཚོགས་ལ་ཞུགས།

དོ་དམ་ཅན་གཉིས་ཀྱི་འཛུགས་སྐྲུན་སྤེལ་བར་ཚད་གཞི་ཅན་ནས་མགོ་བརྩམས་ཏེ་རྐྱེན་སྲོལ་འཛུགས་དགོས་པ་དང་། ཚད་ལྡན་ཅན་ནས་དངོས་འབེབས་དང་དཀའ་ཁག་སེལ་བར་བྱེད་དགོས། དེ་ནི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་མོ་དང་། ཚོང་རའི་ལྟ་རྟོག་དོ་དམ་དེང་རབས་ཅན་དངོས་འབེབས་བྱེད་པའི་བྱེ་བྲག་གི་རྟེན་གནས་དང་འགྲེམ་སྟོན་བྱེད་ས་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ཤིང་། ཐོན་ཁུངས་ལེགས་སྒྲིག་མཐོར་འདེགས་ལ་དམིགས་ནས་བྱ་བའི་གཙོ་གནད་གཞི་རིམ་དུ་སྤོར་བ་དང་མི་སྣའི་སྟོབས་ཤུགས་གཞི་རིམ་དུ་བཀོད་སྒྲིག་བྱེད་པར་སྐུལ་འདེད་བཏང་སྟེ། བསྟུད་མར་གཅིག་འདོམ་མཐུན་སྦྱོར་དང་བྱེད་སྒོའི་མཛུབ་སྟོན། ཞབས་ཞུའི་འཕེལ་རྒྱས། ཉིན་རྒྱུན་གྱི་ལྟ་རྟོག་དོ་དམ། ཁྲིམས་བསྟར་གྱོད་དོན་ཐག་གཅོད། རྩོད་གླེང་འདུམ་འགྲིག གཞི་རིམ་བཅོས་སྐྱོང་བཅས་ཐད་ཀྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱེད་དགོས།

ཚོགས་ཞུགས་འཐུས་མིས་ཁྲི་ཀ་རྫོང་རྨ་ནུབ་ཚོང་རའི་ལྟ་རྟོག་དོ་དམ་ཁང་ནས་རྒྱལ་ཡོངས་ཀྱི་སྐར་ལྔའི་ཚོང་རའི་ལྟ་རྟོག་དོ་དམ་ཁང་གི་ཚད་གཞི་ཅན་དང་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པའི་དཔེ་སྟོན་ཉམས་མྱོང་ལ་སློབ་སྦྱོང་དང་ལྟ་སྦྱོང་བྱས་ཏེ། ཁྲི་ཀ་རྫོང་གི་ས་ཁོངས་སུ་ཟབ་ཞུགས་བྱས་ནས་ཁེ་ལས་ཀྱི་ཚོང་རྟགས་གྲགས་ཅན་གྱི་གསར་སྐྲུན་དང་ཤེས་བྱའི་ཐོན་དབང་སྲུང་སྐྱོབ། ཆེད་ཁེ་རེ་ཞུ། དབང་སྩོལ་དང་སྤོ་བསྒྱུར་བཀོལ་སྤྱོད་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས། དེའི་ཞོར་དུ་རྒྱལ་ཁབ་ཚོང་རའི་ལྟ་རྟོག་དོ་དམ་སྤྱི་ཁྱབ་ཅུའུ་ཡི་སྐར་ལྔའི་ཚོང་རའི་ལྟ་རྟོག་དོ་དམ་ཁང་གི་དཔྱད་འདེམ་མཇུག་འབྲས་སྙན་ཞུ་བྱས་པ་དང་། རྒྱལ་ཡོངས་སྐར་ལྔའི་ཚོང་རྟའི་ལྟ་རྟོག་དོ་དམ་ཁང་གི་མཚན་སྙན་ཐོབ་པའི་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཨར་ཧྲི་ལི་ཕུའུ་ཚོང་རའི་ལྟ་རྟོག་དོ་དམ་ཁང་དང་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་རྨ་ནུབ་ཚོང་རའི་ལྟ་རྟོག་དོ་དོམ་ཁང་ལ་སྒོ་བྱང་སྟེར་བའི་མཛད་སྒོ་སྤེལ།


བསོད་ནམས་ཚེ་རིང་གིས་བསྒྱུར།