མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་ཐབས་མང་མཉམ་སྤྱོད་བྱས་ཏེ་མཚོ་སྔོན་པོའི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱས།
2024.05.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

གུང་གསེང་ཐོན་ཐེངས་རེ་རེར་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་ནི་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོར་གྱུར་ཡོད། རང་ཞིང་གི་ཡུལ་སྐོར་མང་བའི་དུས་ཚིགས་ལ་སྔར་ལས་རོགས་རམ་བྱ་ཆེད། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབབེད་སྤྱོད་དོ་དམ་ཅུའུ་ཡིས་ཐབས་མང་མཉམ་སྤྱོད་དང་སྔོན་དུ་བཀོད་སྒྲིག་བྱས་ཏེ“ལྔ་གཅིག་”གུང་གསེང་སྐབས་སུ་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཁྲོམ་རའི་ལས་དོན་སོ་སོ་གོ་རིམ་ལྡན་པ་དང་དོན་འཁྱོལ་གནད་ལ་འཁེལ་བར་འགན་སྲུང་ནུས་ལྡན་བྱས།

ཟླ4པའི་ཚེས30ཉིན་ནས་ཟླ5པའི་ཚེས1ཉིན་བར། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡི་ལས་བྱེད་མི་སྣ་སྔ་རྗེས་སུ་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སོ་སོར་སོང་ནས་ཞིབ་བཤེར་ལྟ་སྐུལ་མཛུབ་ཁྲིད་བྱས་པར་མ་ཟད། མཚོ་སྔོན་པོ་མཚོ་དོན་ཅུའུ་དང་། མཚོ་སྔོན་པོ་ཡུལ་སྐོར་འཕེལ་རྒྱས་སྡེ་ཚོགས། མཚོ་སྐོར་རྫོང་གསུམ་ཕྱོགས་བསྡུས་ཁྲིམས་འཛིན་ཅུའུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་པ་དང་། ཟ་ཁང་དང་ཚོང་ཁང་གཉེར་སྐྱོང་པ་དང་མཉམ་དུ་དུས་ཆེན་སྐབས་ཀྱི་ལས་དོན་ཁག་སྤེལ་བའི་གནས་ཚུལ་དོན་འཁྱོལ་བྱས།

མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས“ལྔ་གཅིག”སྐབས་སུ་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཁྲོམ་རའི་ལས་དོན་ཁག་དོན་འཁྱོལ་ཡག་པོ་བྱ་རྒྱུའི་ཐད་ཞིབ་ཕྲའི་བླང་བྱ་བཏོན་པ་སྟེ། འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་སོ་སོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་བཏོན་པའི་བྱ་བའི་བླང་བྱ་རབ་དང་རིམ་པ་ལག་ལེན་མཐར་ཕྱིན་བྱས་ནས་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་གཙང་དག་དང་སྒྲིག་ལམ་ལེགས་པོ་ཡོང་བར་འགན་ལེན་བྱེད་དགོས། ལྟ་སྐུལ་དོ་དམ་སྡེ་ཁག་གིས་འགན་འཁྲི་ནན་གྱིས་སྒྲུབ་ནས་དུས་ཐོག་ཏུ་དོགས་ཟོན་དྲན་སྐུལ་བྱས་ཏེ་མངོན་མེད་རྐྱེན་ངན་ཆུང་གྲས་ལས་དོན་རྐྱེན་ཆེན་པོ་འབྱུང་བར་སྔོན་འགོག་བྱ་དགོས། ཟས་རིགས་བདེ་འཇགས་ལ་ཤུགས་སྣོན་པ་དང་། རིན་གོང་ལ་ལྟ་སྐུལ་དོ་དམ་ཡག་པོ་བྱེད་པ། འཛད་སྤྱོད་པའི་ཞུ་གཏུག་དུས་ཐོག་ཏུ་ཐག་གཅོད་བྱས་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་དགོས། ཁྲིམས་འགལ་གྱིས་མཚོ་སྔོན་པོའི་གསེར་ཉ་འཛིན་པ་དང་། ཉོ་བ། བཙོང་བ། ལས་སྣོན་བྱེད་པ། བཟའ་བ་སོགས་ཀྱི་བྱ་སྤྱོད་ལ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་དང་། ཏན་ཏན་ཏིག་ཏིག་གིས་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ལ་སྲུང་སྐྱོབ་ཡག་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་མཚོ་སྔོན་པོའི་ཡུལ་སྐོར་ཚོང་རའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་དགོས།

ཤ་བོ་གསེར་མཚོས་བསྒྱུར།