ཀྲུང་དབྱང་ནོར་སྲིད་ཀྱིས་དེང་རབས་ཚོང་དོན་འཁོར་རྒྱུག་མ་ལག་གི་ཚོད་ལྟའི་གྲོང་ཁྱེར་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།
2024.05.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། ནོར་སྲིད་པུའུ་དང་ཚོང་དོན་པུའུ་ཡིས་བརྡ་ཐོ་ཁྱབ་བསྒྲགས་བྱས་ནས། 2024ལོ་ནས་བཟུང་དེང་རབས་ཚོང་དོན་འཁོར་རྒྱུག་མ་ལག་གི་ཚོད་ལྟའི་གྲོང་ཁྱེར་འཛུགས་སྐྲུན་ལས་དོན་ཁག་བགོས་ཏེ་དངོས་སུ་སྤེལ་བ་ནས་བཟུང་། ཀྲུང་དབྱང་ནོར་སྲིད་ཀྱིས་ཚོད་ལྟའི་གྲོང་ཁྱེར་ལ་བཅད་གྲངས་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་ཡིན་ཞེས་འཁོད་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཚོད་ལྟའི་ལས་དོན་ཁག་གསུམ་དུ་བགོས་ནས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། འཛུགས་སྐྲུན་དུས་ཡུན་ལོ་གསུམ་ཡིན་ལ། 2024ལོར་གྲོང་ཁྱེར་ཉི་ཤུའི་མན་ལ་རྒྱབ་སྐྱོར་བྱ་རྒྱུ་རེད། ལག་བསྟར་བྱས་རྗེས་ཀྱི་གནས་ཚུལ་ལ་གཞིགས་ནས་ཚོད་ལྟའི་གཞི་ཁྱོན་གཏན་འཁེལ་བྱ་རྒྱུ་ཡིན་ལ། སྲིད་ཇུས་ཀྱིས་མ་ཁེབས་པ་དང་ཆ་རྐྱེན་འཛོམས་པའི་ཞིང་ཆེན་ལ་སྔོན་མ་བྱས་ནས་རྒྱབ་སྐྱོར་བྱ་རྒྱུ་རེད།

བརྡ་ཐོའི་ནང་ཚོད་ལྟའི་ལས་དོན་བརྒྱུད་དེ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱིས་འཕེལ་རྒྱས་གཏོང་བ་དང་། ཁྱབ་འགྱེད་དང་སྒུལ་ཤུགས་ཆེ་བ། མཁོ་སྤྲོད་མཉེན་ཆ་ལེགས་པ་བཅས་ཀྱི་དེང་རབས་ཚོང་དོན་འཁོར་རྒྱུག་གི་མཚམས་ཚིགས་གྲོང་ཁྱེར་ཁག་གཅིག་བསྐྲུན་ནས། རྒྱལ་ཁབ་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་ཟོག་འགྲེམས་ཀྱི་ལམ་ཐིག་གཙོ་བོ། དེང་རབས་ཐོན་ལས་ཁྱུ་ཚོགས་སོགས་དང་འབྲེལ་མཐུད་དམ་ཟབ་བྱེད་དགོས་ཞེས་གསལ་པོར་འཁོད་ཡོད། རྒྱབ་སྐྱོར་བྱེད་པའི་ཁ་ཕྱོགས་ཐད་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚོང་དོན་འཁོར་རྒྱུག་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། འཚོ་བའི་མཁོ་ཆས་འཁོར་རྒྱུག་དང་མཁོ་སྤྲོད་འགན་ལེན་མ་ལག་འཛུགས་སྐྲུན་བྱེད་པ། གྲོང་གསེབ་ཀྱི་ཚོང་དོན་འཁོར་རྒྱུག་མ་ལག་འཐུས་ཚང་དུ་གཏོང་བ། དེང་རབས་འཁོར་རྒྱུག་རྐང་འཛིན་ཁེ་ལས་མགྱོགས་མྱུར་ངང་སྐྱེད་སྲིང་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སླར་སྐྱེས་ཐོན་ཁུངས་ཚུར་བསྡུའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་ཚུད་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།