གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་དབུལ་ཕོངས་ཁྱིམ་ཚང་གི་སློབ་མར་སློབ་རོགས་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་གཉིས་ཁྲི་གཉིས་བྱིན།
2024.05.06 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

གསར་འགོད་པས་ཉེ་ལམ་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2024ལོའི་ཟླ་དང་པོ་ནས་ལྔ་པའི་བར། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་ཞིང་ཆེན་ན་གཞོན་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ཚོགས་པས་བསྡོམས་པས་སྤྱི་ཕན་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་གཉིས་ཁྲི་གཉིས་བསྡུ་རུབ་བྱས་ཏེ་མཚོ་སྔོན་གྱི་རེ་བའི་བཟོ་སྐྲུན་སློབ་རོགས་མི་སྐྱོང་འཆར་གཞི་ཇུས་འགོད་བྱས་ནས། གུང་གཞོན་ཚོགས་པས་ཏང་ལ་མི་སྐྱོང་བའི་ནུས་པ་གལ་ཆེན་དང་མཚོ་སྔོན་ཞིང་ཆེན་ན་གཞོན་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་ཁོངས་གཏོགས་སྤྱི་ཕན་རྩ་འཛུགས་ཀྱི་འགན་ནུས་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སློབ་མ་སྟོང་ལྔ་དང་བརྒྱ་དང་གོ་དགུ་ལ་རོགས་བྱས།

མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་དང་ན་གཞོན་ལོ་ཆུང་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་རེ་བའི་བཟོ་སྐྲུན་སློབ་རོགས་མི་སྐྱོང་འཆར་གཞི་ལག་བསྟར་བྱས་ཤིང་། ལོ་ཚོད་རིམ་པ་སོ་སོའི་སློབ་མ་ཡོངས་ལ་ཁེབས་པའི་རོགས་དངུལ་ཞབས་ཞུའི་མ་ལག་བཙུགས་པ་དང་། ཧོན་ཧྥང་སློབ་རོགས་འཆར་གཞི་དང་ས་ཡོམ་གནོད་ཁུལ་གྱི་ཆེད་སྤྱོད་སློབ་རོགས་འགུལ་སྐྱོད། རེ་བའི་བཟོ་སྐྲུན་སོགས་སློབ་རོགས་མི་སྐྱོང་གི་རྣམ་གྲངས་མང་པོ་ལག་བསྟར་བྱས་པར་མ་ཟད། རང་ཞིང་གི་གྲོང་གསེབ་སློབ་གསོའི་ལས་དོན་འཕེལ་རྒྱས་ཀྱི་གནས་བབ་གསར་པ་དང་འཚམ་པར་བྱས་ཤིང་། རེ་བའི་སློབ་ཆུང་རོགས་སྒྲུབ་རྣམ་གྲངས་ལ་སྐུལ་འདེད་བཏང་བ་དང་།  མིག་སྔར་རེ་བའི་སློབ་ཆུང་རོགས་སྒྲུབ་རྣམ་གྲངས་གཉིས་ལག་བསྟར་བྱས་ནས་རེ་བའི་སློབ་ཆུང་གི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་བཏང་།

དེ་དང་མཉམ་དུ། གུང་གཞོན་ཚོགས་པ་རྩ་འཛུགས་མ་ལག་གི་དགེ་མཚན་ལ་གཞི་བཅོལ་ཏེ། དངུལ་བསྡུའི་འདེགས་གཞི་དང་བྱེད་ཐབས་གསར་གཏོད་བྱས་ཤིང་། དམངས་སྒྲུག་རྐྱེན་སྲོལ་མཐུན་སྦྱོར་ལེགས་སྒྱུར་བྱས། ཡོམ་འགོག་གནོད་སྐྱོབ་དུས་སྐབས་སུ། ཞིང་ཆེན་ན་གཞོན་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ཚོགས་པས་མ་དངུལ་བསྡུ་བའི་གྲོས་གཞིའི་ཡི་གེ་བཀྲམས་ཏེ། སྒོར་གཅིག་ཞལ་འདེབས་དྲ་བའི་དམངས་སྒྲུག་བྱ་འགུལ་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་ན་གཞོན་ཐོན་ཡོན་དང་། སྤྱི་ཚོགས་གཅེས་སེམས་རྩ་འཛུགས་དང་མི་སྣ་སོགས་སྐུལ་སློང་བྱས་ནས་གནོད་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མ་བདེ་ལེགས་ངང་སློབ་མཐར་ཕྱིན་པར་རོགས་བྱེད་དགོས་པའི་གྲོས་གཞི་བཏོན་པ་དང་། བསྡོམས་པས་དྲ་ལམ་དམངས་སྒྲུག་དངུལ་བསྡུ་ལས་སློབ་རོགས་སྤྱི་ཕན་མ་དངུལ་སྒོར་ས་ཡ་གཉིས་བསྡུ་རུབ་བྱས། སློབ་རོགས་དགོས་མཁོར་ཞིབ་འཇུག་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་སྤེལ་ཏེ། སློབ་རོགས་ཇུས་གཞི་ཚན་རིག་ལྟར་གཏན་འབེབས་བྱས་པར་མ་ཟད་སློབ་རོགས་བྱ་བ་བསྒྲུབས། བྲེལ་མྱུར་གནོད་སྐྱོབ་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ཏེ། མཚོ་སྔོན་གྱི་ས་ཡོམ་གནོད་ཐེབས་ས་ཆའི་ན་གཞོན་ལོ་ཆུང་ལ་ཁ་ཕྱོགས་ནས་བསྡོམས་པས་སློབ་རོགས་མ་དངུལ་སྒོར་འབུམ་དྲུག་ཁྲི་གཅིག་དང་སྟོང་ལྔ་བྱིན་པ་དང་། 2024ལོའི་མཚོ་སྔོན་རེ་བའི་བཟོ་སྐྲུན་གྱི་ཧོན་ཧྥང་སློབ་རོགས་འཆར་གཞིའི་རྣམ་གྲངས་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས་ཤིང་། མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང་ཞེ་གཅིག་ལ་ཁ་ཕྱོགས་ཏེ་སློབ་ཆུང་ལོ་རིམ་དང་པོའི་དབུལ་ཕོངས་ཁྱིམ་ཚང་གི་བུ་མོ་སློབ་མ་སྟོང་གཉིས་དགུ་བརྒྱ་ལ་སློབ་རོགས་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་དགུ་བྱིན། མཚོ་སྔོན་རེ་བའི་བཟོ་སྐྲུན་མ་འབྲེལ་གྱི་སྦྲེལ་མཐུད་སློབ་རོགས་སོགས་རྒྱུན་རྣམ་ཅན་གྱི་སློབ་རོགས་རྣམ་གྲངས་གོ་རིམ་ལྡན་པར་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལོ་ཚོད་མི་འདྲ་བའི་དབུལ་ཕོངས་ཁྱིམ་ཚང་གི་དཀའ་ཁག་ཅན་གྱི་སློབ་མར་ཁ་ཕྱོགས་ནས་སློབ་རོགས་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་བདུན་ལྷག་བྱིན་པ་དང་། སློབ་རོགས་ཁེབས་ཚད་མུ་མཐུད་དུ་རྒྱ་བསྐྱེད་པར་མ་ཟད་སློབ་རོགས་གནད་ཁེལ་ཚད་གཞི་ཇེ་མཐོར་བཏང་།

རིག་འཛིན་སྒྲོལ་མས་བསྒྱུར།