ན་གོར་མོས་མཚོ་སྔོན་གྱི་དྲ་ཐོག་ལས་ཞུགས་བྱ་བའི་ཚོང་རྟགས་གསར་སྐྲུན་བྱས།
2024.05.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ད་ལོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་རྣམ་པ་སྣ་མང་སྤྱད་དེ་མཚོ་སྔོན་གྱི་དྲ་ཐོག་ལས་ཞུགས་ཀྱི་ཚོང་རྟགས་གསར་སྐྲུན་བྱས་ནས། སྤུས་ཚད་སྔར་ལས་མཐོ་བའི་ལས་ཞུགས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་། དུས་ཚིགས་དང་པོར། བསྡོམས་པས་གཞི་རིམ་ཞབས་ཞུ་ཐེངས་སུམ་ཅུ་ལྷག་སྤེལ་བ་དང་། མི་སྟོང་གཅིག་ལྷག་ལ་ལས་ཞུགས་དང་གསོ་སྦྱོང་དགོས་མཁོའི་བརྟག་བཤེར་བྱས་ལ། དངོས་བཀོལ་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་སྐབས་སོ་གཅིག་བསྡུས་ནས། མཁར་གྲོང་གི་ངལ་རྩོལ་པ་སྟོང་གཅིག་དང་ལྔ་བརྒྱ་རེ་དྲུག་ལ་གསོ་སྦྱོང་བྱས།

ན་གོར་མོ་གྲོང་ཁྱེར་གྱིས་སྔོན་ཆད་ཀྱི་མི་ཤུགས་ཐོན་ཁུངས་ཚོང་རར་ཚུལ་སྒྱུར་རིམ་སྤོར་བྱེད་པ་དང་ལས་འཚོལ་ས་ཚིགས་འཛགས་སྐྲུན་བྱས་པ་བརྒྱུད་དེ། སྲིད་ཇུས་བློ་འདྲི་དང་ཆ་འཕྲིན་ཁྱབ་སྒྲོག མི་བསྡུ་གྲོས་མོལ། ཐད་གཏོང་ལས་འཚོལ། ལས་སྒོ་སྒྲུབ་པ་དང་ངལ་གསོ་སྒུག་སྡོད་སོགས་རྩོལ་ནུས་གཞི་གཅིག་གི་རྩོལ་ནུས་མང་པའི་ཞབས་ཞུ་ཚོམས་ཆེན་འཛུགས་སྐྲུན་བྱས། ད་ལོར། ན་གོར་མོ་གྲོང་ཁྱེར་གྱི་མི་ཤུགས་ཐོན་ཁུངས་ཚོང་རས་ཉིན་རེར་ཆ་སྙོམས་ཀྱིས་མང་ཚོགས་ཉིས་བརྒྱར་ཞབས་འདེགས་ཞུས་པ་དང་། མི་ལྔ་བརྒྱ་དང་བདུན་ཅུ་ལ་ལས་ཞུགས་འགན་སྲུང་ཁ་གསབ་བྱིན། ན་གོར་མོ་གྲོང་ཁྱེར་གྱི་ལས་ཁུངས་དོན་དྲུག་ལ་སྤྱི་ཕན་རང་བཞིན་གྱི་ལས་རྐང་མི་བསྡུ་དང་ཁ་རྒྱུགས། དོ་དམ་གྱི་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། ལས་འཚོལ་མི་ཚོགས་བརྒྱ་དང་ཉེར་གཉིས་ལ་ཞབས་འདེགས་ཞུས་ལ། ཡུལ་དངོས་མི་བསྡུ་དང་སྦྲེལ་མཐུད། གྲོས་མོལ་སོགས་ཀྱི་བྱ་འགུལ་ཐེངས་བདུན་ལ་སྤེལ།

དེ་དང་མཉམ་དུ། སྟོབས་ཤུགས་ཡོད་རྒུས་གྲངས་ཀ་ཅན་གྱི་ལས་ཞུགས་ཞབས་ཞུའི་མ་དཔེ་གསར་བ་འཚོལ་ཞིབ་བྱས་པ་དང་། ལས་ཞུགས་དོ་དམ་པའི་ཞབས་ཞུ་རྒྱུན་མཐུད་ངང་སྤེལ་ལ། ན་གོར་མོའི་ལས་ཞུགས་ལས་སྐྲུན་ཞབས་ཞུའི་སྟེགས་བུ་དང་འཁྱུགས་དབྱངས། བརྙན་རིས་སོགས་སྟེགས་བུ་བརྒྱུད་དེ་ཆ་འཕྲིན་ཁྱབ་བསྒྲགས་དང་དུས་མཉམ་ཐད་གཏོང་བྱས་པ་དང་། ལས་རྐང་སྦྲེལ་མཐུད་ཐད་ནས་ཟླ་རེར་དང་གཟའ་འཁོར་རེར་ཆེད་དོན་མི་བསྡུ་བྱེད་པ་དང་ཉིན་རེར་ཐད་གཏོང་བྱས་ལ། མི་བཀོལ་ཁེ་ལས་དང་ལས་འཚོལ་བར་མཚམས་མི་ཆད་པའི་དྲ་ཐོག་ལས་འཚོལ་མི་བསྡུ་སྟེགས་བུ་བཙུགས་ནས། ལས་ཞུགས་ཞབས་ཞུ་འདོན་སྤྲོད་བཟང་བོ་བྱས་པ་དང་། ལས་ཞུགས་དང་ལས་སྐྲུན་གྱི་སྲིད་ཇུས་སྔར་ལས་སྟབས་བདེ་རུ་བསྒྱུར།

དེ་ལས་གཞན། མང་ཚོགས་ཀྱི་ལས་ཞུགས་གཙོ་ཐིག་ཏུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཁྱིམ་སྒོ་ནས་སྡེ་བ་དང་གཞིས་ཁུལ་གྱི་སྡོད་དམངས་ལ་ཁ་གསབ་དངུལ་ལེན་པ་དང་། ལས་ཞུགས་ལས་ཤོར་ཐད་ཀྱི་ཐོ་འགོད། སྲིད་ཇུས་བློ་འདྲི་སོགས་ཞབས་ཞུ་འདོན་སྤྲོད་བྱས། གཞིས་ཁུལ་གྱི་དྲ་མིགqqདང་སྐད་འཕྲིན་བརྒྱུད་དེ་སྲིད་ཇུས་དང་མི་བསྡུ། བྱ་འགུལ་སོགས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ལ། མང་ཚོགས་ཀྱི་ཁྱིམ་སྒོ་ནས་རོང་འབྲོག་དམངས་ཀྱི་དངོས་བཀོལ་རྩལ་ནུས་གསོ་སྦྱོང་སྤེལ་ནས། ཁོ་ཚོས་རང་ཁྱིམ་གྱི་སྒོ་ཁ་ནས་སྲིད་ཇུས་ཤེས་པ་དང་རྩལ་ནུས་མཐོར་འདེགས་གཏོང་བ། ཆ་འཕྲིན་ལ་རྒྱུས་ལོན་བྱེད་ཐུབ་པར་བྱས་ཏེ། སྟོབས་ཤུགས་ཡོད་་རྒུས་ཁྱིམ་སྒོའི་སྤྱི་ཐུན་ལས་ཞུགས་ཞབས་ཞུའི་གཡུལ་ས་བཙུགས།