མཚོ་ནུབ་ཁུལ་གྱིས་ལྔ་གཅིག་དུས་ཆེན་སྐབས་སུ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་བདུན་མངོན་འགྱུར་བྱས།
2024.05.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ལྔ་གཅིག་དུས་ཆེན་སྐབས་སུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཡུལ་སྐོར་འཛད་སྤྱོད་དང་གུང་གསེང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་དམ་པོར་དམིགས་ཏེ། བྱ་འགུལ་རབ་དང་རིམ་པ་དང་གོང་གཅོག་ཆ་སྡེབས་བྱེད་སྒོ་འཆར་འགོད་བྱས་ཤིང་། ཁྱད་ཆོས་ལྡན་པའི་ཡུལ་སྐོར་ལམ་ཐིག་གཏན་ཁེལ་བྱས་ནས། ཡུལ་སྐོར་པའི་གུང་གསེང་དུས་ཆེན་སྐབས་ཀྱི་ཡུལ་སྐོར་དགོས་མཁོ་ཕྱོགས་ཡོངས་ནས་བསྐངས། ལྔ་གཅིག་དུས་ཆེན་སྐབས་སུ། བསྡོམས་པས་ཡུལ་སྐོར་མགྲོན་པོ་མི་ཐེངས་འབུམ་གཉིས་ཁྲི་བརྒྱད་དང་སྟོང་གསུམ་བདུན་བརྒྱ་བཅོ་བརྒྱད་སྣེ་ལེན་བྱས་པ་དང་། དུས་མཉམ་ལས་བརྒྱ་ཆའི་ཉེར་བརྒྱད་འཕར་ཞིང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་བདུན་མངོན་འགྱུར་བྱས་ཏེ། དུས་མཉམ་ལས་བརྒྱ་ཆའི་ཉེར་བདུན་འཕར།

ཡུལ་སྐོར་པའི་རིག་གནས་ཉམས་ལེན་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། ཝུའུ་ལན་རྫོང་ཚྭ་ཁ་གྲོང་རྡལ་གྱི་མཚོ་སྔོན་མཁའ་དབྱིངས་མེ་ལོང་ཚྭ་ཁ་ལྗོངས་ཁུལ་གྱིས་སྐལ་བཟང་རྫོགས་ལྡན་དུས་རབས་དང་། རོལ་མོ་ཉམས་ལེན་ཆེ་གྲས་རིགས། སྤྱིར་བཏང་འཁྲབ་སྟོན་སོགས་སྤྲོ་སྐྱིད་ལྡན་པའི་བྱེད་སྒོ་སྣ་མང་སྤེལ་བ་དང་། རིག་གནས་ཀྱི་རྒྱགས་ཕྱེ་མང་པོ་འགྲེམ་སྤེལ་བྱས་ཏེ། ཡུལ་སྐོར་མགྲོན་པོར་ཚྭ་ཁའི་ཚྭ་མཚོའི་རང་བྱུང་མཛེས་ཉམས་ལོངས་སུ་སྤྱོད་དུ་བཅུག་ལ། དུས་མཉམ་དུ་ལྗོངས་ཁུལ་གྱི་ཁྱད་འཕགས་རིག་གནས་ཀྱི་མཛེས་པ་ཉམས་སུ་མྱོང་དུ་བཅུག དུས་ཆེན་གུང་གསེང་གི་ཉིན་དང་པོར། ལྗོངས་ཁུལ་གྱིས་ཚོང་གཉེར་ཚོད་ལྟ་བྱས་ཏེ། མི་གྲངས་ཁྲི་གཅིག་སྟོང་ལྔ་ཉིས་བརྒྱ་ཞེ་དྲུག་ལ་སླེབས་ཤིང་། 2023ལོ་དང་བསྡུར་ན། ཉིན་གཅིག་གི་སྣེ་ལེན་སྐུ་མགྲོན་གྱི་གྲངས་ཀ་ལྡབ་གཅིག་ལས་འཕར་ཡོད། ཟླ5ཚེས5ཉིན་ཁྱབ་བསྒྲགས་བྱས་པའི2024ལོའི་ལྔ་གཅིག་དུས་ཆེན་སྐབས་ཀྱི་ཡུལ་སྐོར་སྤྱི་བསྡོམས་གཞི་གྲངས་ལྟར་ན། ཚྭ་ཁའི་ཚྭ་མཚོ་དེ་ལྔ་གཅིག་དུས་ཆེན་སྐབས་ཀྱི་མཚོ་སྔོན་གྱི་ཆེས་སྐད་གྲགས་ཆེ་བའི་ལྗོངས་ཁུལ་གྲས་སུ་གྱུར།

ནམ་ཟླ་ཇེ་དྲོར་སོང་བ་དང་བསྟུན་ནས། མཚོ་ནུབ་ཀྱི་ཡུལ་སྐོར་མི་གྲངས་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད། ཚྭ་འདམ་ཆེ་བའི་གཡུ་མཚོ་ལྗོངས་ཁུལ་གྱིས་ཡུལ་སྐོར་པ་མང་པོའི་ཡིད་དབང་བཀུག་སྟེ་མཚོ་ནུབ་ཁུལ་གྱི་སྤྱོད་སྒོ་ཆེ་བའི་ལྗོངས་ཁུལ་ཞིག་ཏུ་གྱུར། ལྔ་གཅིག་དུས་ཆེན་སྐབས་སུ་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི་གསུམ་སྟོང་ལྔ་སུམ་བརྒྱ་དང་བཞི་སྣེ་ལེན་བྱས་ཤིང་། དུས་མཉམ་ལས་བརྒྱ་ཆའི་བརྒྱ་དང་དོན་གཉིས་འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་ས་ཡ་གཉིས་ཁྲི་གསུམ་དང་དགུ་སྟོང་དགུ་བརྒྱར་སླེབས་ནས་དུས་མཉམ་ལས་བརྒྱ་ཆའི་བརྒྱ་དང་བཅོ་བརྒྱད་འཕར། ཚྭ་འདམ་གཞོང་གི་ནུབ་བྱང་ས་ཁུལ་དུ་གནས་པའི་ཝུའུ་སུའུ་ཐི་ཡ་ཏན་ས་གཤིས་སྤྱི་གླིང་གི་མཚེའུའི་ཁ་མདོག་རླངས་གནོན་དང་དྲོད་ཚད་ཀྱི་འགྱུར་བ་དང་བསྟུན་ནས། སྔོ་ནག་ནས་ལྗང་མདོག་ཏུ་གྱུར་བ་དང་།  དེ་ནི་སྐྱ་མདོག་གི་བྱེ་ཐང་སྟེང་གཡང་ཊིའི་ཕྱང་འཕྲུལ་བཏགས་པ་དང་འདྲ། ལྔ་གཅིག་དུས་ཆེན་སྐབས་སུ་ལྗོངས་ཁུལ་དེས་བསྡོམས་པས་ཡུལ་སྐོར་མགྲོན་པོ་མི་ཐེངས་ཁྲི་གཅིག་སྟོང་བཞི་བདུན་བརྒྱ་གྱ་དགུ་སྣེ་ལེན་བྱས་ཤིང་། དུས་མཉམ་ལས་བརྒྱ་ཆའི་སོ་བདུན་འཕར་ཞིང་། ཡུལ་སྐོར་ཡོང་འབབ་སྒོར་ས་ཡ་གཅིག་འབུམ་གཅིག་ཁྲི་གཅིག་དང་སྟོང་བདུན་བདུན་བརྒྱ་མངོན་འགྱུར་བྱས་ཏེ་དུས་མཉམ་ལས་བརྒྱ་ཆའི་ཉེར་ལྔ་འཕར།

རིག་འཛིན་སྒྲོལ་མས་བསྒྱུར།