ཟླ5པའི་ཚེས12ཉིན་ནི་སྐབས་བཅུ་དྲུག་པའི་རྒྱལ་ཡོངས་མེ་སྐྱོན་འགོག་སེལ་ཉིན་མོ་ཡིན་ལ། བརྗོད་དོན་ནི་མི་ཚང་མས་བདེ་འཇགས་གླེང་བ་དང་མི་སོ་སོས་འཕྲལ་བསྟུན་བྱེད་ཐུབ་པ། གཞི་རིམ་གྱི་མེ་སྐྱོན་སྔོན་འགོག་དང་ཉེན་ཁར་གཡོལ་བའི་ནུས་པ་ནུས་ཤུགས་ཡོད་རྒུས་མཐོར་འདེགས་སུ་གཏོང་ཞེས་པ་དེ་རེད། བསྟུད་མར་ཉིན་འགའི་རིང་། མཚོ་སྔོན་མེ་འགོག་མེ་གསོད་ཀྱིས་མེ་སྐྱོན་འགོག་སེལ་ཤེས་བྱ་ཁྱབ་གདལ་དང་འཕྲལ་བསྟུན་ཉེན་གཡོལ་སྦྱོང་བརྡར་སོགས་ཀྱི་བྱེད་སྒོ་སྣ་མང་སྤེལ་ཏེ། མང་ཚོགས་ཀྱི་འཕྲལ་བསྟུན་ཉེན་གཡོལ་དང་བདེ་འཇགས་རང་སྐྱོབ་ནུས་པ་ཇེ་མཐོར་བཏང་།
མཚོ་ཤར་གྲོང་ཁྱེར་གྱི་མེ་འགོག་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག་གི་དྲིལ་སྒྲོག་མི་སྣ་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀོན་ཐིན་གྲོང་རྡལ་ཀྲུང་ཁྲོན་ཡུལ་ཚོའི་ལྟེ་བའི་སློབ་གྲྭར་སོང་ནས། སློབ་མ་རྣམས་ལ་གསོན་ཉམས་ལྡན་པའི་མེ་འགོག་དང་ཡོམ་འགོག མེ་སྐྱོན་སེལ་བའི་བདེ་འཇགས་ཤེས་བྱ་གསོ་སྦྱོང་བྱས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མེ་འགོག་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག་གིས་མངའ་ཁུལ་བྱིས་སྐྱོང་ཁང་གི་དགེ་སློབ་དང་ཁྱིམ་བདག་རྩ་འཛུགས་བྱས་ནས་མེ་འགོག་མེ་གསོད་ཀྱི་ཚན་སྤེལ་སློབ་གསོའི་རྟེན་གཞིར་བསྐྱོད་དེ་མཉམ་འགུལ་ཉམས་ལེན་བྱས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མེ་འགོག་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག་གིས་མངའ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་གདན་འདྲེན་ཞུས་ནས་མེ་འགོག་མེ་གསོད་ས་ཚིགས་ལ་སོང་སྟེ། ཡུལ་དངོས་ནས་མེ་འགོག་མེ་གསོད་ལ་རྒྱུས་ལོན་དང་། མེ་འགོག་མེ་གསོད་བྱེད་ཐབས་ཉམས་ལེན། མེ་འགོག་མེ་གསོད་ཤེས་བྱ་སློབ་སྦྱོང་བྱས་ནས་མེ་འགོག་མེ་གསོད་བདེ་འཇགས་འདུ་ཤེས་དང་མེ་སྐྱོན་རང་འགོག་རང་སྐྱོབ་ཀྱི་ནུས་པ་ཇེ་ཆེར་བཏང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་མེ་འགོག་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག་གིས་ཐང་ཆེན་ནས་མེ་འགོག་མེ་གསོད་སྒྲིག་ཆས་འགྲེམ་སྟོན་ཁུལ་དང་མེ་འགོག་མེ་གསོད་ཤེས་བྱ་དྲིལ་སྒྲོག་ཁུལ་སོགས་བཀོད་སྒྲིག་བྱས་ཏེ། འགྲོ་འོང་བྱེད་པའི་མང་ཚོགས་ལ་དྲིལ་སྒྲོག་རྒྱུ་ཆ་བཀྲམས་པ་དང་། མེ་འགོག་མེ་གསོད་བདེ་འཇགས་ཤེས་བྱ་འགྲེལ་བཤད་བྱས་པར་མ་ཟད། མྱོང་རོལ་ཁུལ་དང་དུ་སྨུག་འཐིབ་ན་བྲོས་བྱོལ་བྱེད་པའི་ཉམས་ལེན་རས་གུར་སོགས་བརྒྱུད་དེ་མང་ཚོགས་ལ་མེ་སྐྱོན་འབྱུང་སའི་ཁོར་ཡུག་དངོས་སུ་ཚོར་དུ་བཅུག རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མེ་འགོག་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག་གིས་དང་བླངས་པ་དང་དྲིལ་སྒྲོག་ཞབས་ཞུའི་རུ་ཁག་རྩ་འཛུགས་བྱས་ནས་སྡེ་ཁུལ་ལ་བསྐྱོད་དེ། མེ་སྐྱོན་གྱི་མི་མངོན་པའི་ཉེན་ཁར་ཞིབ་བཤེར་བྱས་པ་དང་། བྲོས་བྱོལ་བྱེད་ཐབས་དང་རང་སྐྱོབ་ཤེས་བྱ་བརྒྱུད་བསྒྲགས་བྱས།
རྒྱུས་ལོན་བྱས་པ་ལྟར་ན། མཚོ་སྔོན་གྱི་ས་ཁུལ་སོ་སོའི་མེ་འགོག་མེ་གསོད་རོགས་སྐྱོབ་རུ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ་མེ་སྐྱོན་འགོག་སེལ་གྱི་དྲིལ་སྒྲོག་དང་སྦྱོང་བརྡར་བྱེད་སྒོ་ཐེངས་མང་སྤེལ་བ་དང་། དེར་ཞུགས་པའི་མང་ཚོགས་མི་ཐེངས་འབུམ་གཅིག་ལས་བརྒལ་ཡོད་ཅིང་། མིག་སྔར་བྱེད་སྒོ་སྔར་བཞིན་མུ་མཐུད་དུ་སྤེལ་བཞིན་ཡོད།
ལྷ་མོ་འཚོས་བསྒྱུར།