ཟླ5པའི་ཚེས10ཉིན། ཟི་ལིང་སྒོ་ཁྲལ་ལས་ཁུངས་དང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས་མཐོ་སྒང་གི་སྔོ་ཚལ་ཐད་ཀར་ཞང་ཀང་དང་ཨོ་མིན་ལ་འདོན་སྤྲོད་བྱེད་པའི་ལས་རིགས་གསོ་སྦྱོང་འཛིན་གྲྭ་བསྡུས། གསོ་སྦྱོང་བརྒྱུད་ནས་འབྲེལ་ཡོད་ཁེ་ལས་ཀྱིས་ཕྱིར་གཏོང་བརྒྱུད་རིམ་དང་ཕྱི་ཕྱོགས་ཉོ་ཚོང་སྲིད་ཇུས་ལ་རྒྱུས་ལོན་བྱེད་པ་དང་། རང་ཞིང་གི་སྤུས་ལེགས་ཐོན་རྫས་མང་པོ་ཕྱིར་གཏོང་བྱེད་པར་སྐུལ་འདེད་བཏང་།
ངོ་སྤྲོད་བྱས་པ་ལྟར་ན། གསོ་སྦྱོང་གིས་ཆེད་དོན་འཆད་ཁྲིད་དང་། ཆེད་དོན་བགྲོ་གླེང་དང་ཡུལ་དངོས་ལྟ་སྦྱོང་བཅས་ཀྱི་རྣམ་པ་སྤྱད་དེ། ཞང་ཀང་དང་ཨོ་མིན་ལ་སྔོ་ཚལ་འདེབས་འཛུགས་རྟེན་གཞི་འདོན་སྤྲོད་བྱེད་པ་དང་། ལས་སྣོན་ཁེ་ལས་ཀྱི་ཐོ་འགོད་སྙན་ཞུ་དོ་དམ་བརྒྱུད་རིམ། ཕྱིར་གཏོང་སྔོ་ཚལ་གྱི་ལྟ་སྐུལ་དོ་དམ་དང་། ཕྱི་ཕྱོགས་ཉོ་ཚོང་ཁྱབ་ཁོངས་ཀྱི་འབྲེལ་ཡོད་རྒྱབ་སྐྱོར་སྲིད་ཇུས་གསལ་འགྲེལ་བྱེད་པ། ཀོང་ཏུང་ཞང་ཀང་ཨོ་མིན་མཚོ་ཁུགས་ནས་ཚད་མཐོའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་བསྐྲུན་པ་དང་སྔོ་ཚལ་འདེབས་འཛུགས་ལག་རྩལ་སྦྲེལ་མཐུད་བྱེད་པ་སོགས་ཕྱོགས་ལྔའི་ཐད་ཁེ་ལས་ལ་རོགས་བྱས་ནས་ཕྱིར་གཏོང་སྔོ་ཚལ་གྱི་ཚད་ལྡན་ཅན་གྱི་རྟེན་གཞི་འཛུགས་སྐྲུན་གྱི་འབྲེལ་ཡོད་ནང་དོན་ལ་རྒྱུས་ལོན་བྱས། ན་ནིང་གི་ཟླ་བརྒྱད་པར་མཐོ་སྒང་གི་སྔོ་ཚལ་ཐད་ཀར་ཞང་ཀང་ལ་འདོན་སྤྲོད་བྱས་པའི་ཚུན། རང་ཞིང་གི་སྔོ་ཚལ་ཁྱོན་བསྡོམས་ཏུན་སྟོང་གཅིག་དང་བཅུ་བདུན་ཕྱིར་གཏོང་བྱས་པ་དང་། ཕྱིར་གཏོང་ཐོ་འགོད་རྟེན་གཞིའི་རྒྱ་ཁྱོན་མུའུ་ཁྲི་གཉིས་དང་སྟོང་གསུམ་ལྔ་བརྒྱར་སླེབས་ཤིང་། ཉེ་འཁོར་ཞིང་ཁྱིམ་གྱི་ལས་ཞུགས་དང་རྟེན་གཞིའི་འདེབས་འཛུགས་ཁྱིམ་ཚང་གི་ཡོང་འབབ་འཕར་བར་སྐུལ་ཁྲིད་གང་ལེགས་བྱས་ཏེ། གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་དང་རང་ཞིང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འདོན་ཁུལ་འཛུགས་སྐྲུན་ལ་རོགས་འདེགས་ཏན་ཏིག་བྱས།
2023ལོའི་ཚུན་ལ། ཟི་ལིང་སྒོ་ཁྲལ་ལས་ཁུངས་ཀྱིས་ཁེ་ལས་ཀྱི་སྔོ་ཚལ་འདེབས་འཛུགས་རྟེན་གཞིའི་ཐོ་འགོད་སྙན་ཞུ་དོ་དམ་དམ་འཛིན་བྱས་ནས། ཞིང་ཐོན་རོགས་སྐྱོར་ཚན་ཆུང་བཙུགས་པ་དང་། ཁེ་ལས་ཀྱིས་རྒྱལ་སྤྱིའི་སྔོན་ཐོན་འདེབས་འཛུགས་ཚད་གཞིར་སྦྲེལ་མཐུད་བྱེད་པར་མཛུབ་སྟོན་བྱས་ཏེ་ཁེ་ལས་ཀྱི་འདེབས་འཛུགས་འགག་སྒོ་ཇེ་དམ་དུ་བཏང་། ཕྱི་རྒྱལ་གྱི་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་གྱི་སྲིད་ཇུས་དང་ཁྲོམ་ར། ཆ་འཕྲིན་འགྱུར་ལྡོག་བཅས་ལ་རྗེས་འདེད་དམ་ཟབ་བྱས་ནས་ཁེ་ལས་ལ་དུས་ཐོག་ཏུ་ཉེན་བརྡའི་བརྡ་ཁྱབ་བསྒྲགས་པ་དང་། ཁེ་ལས་ཀྱིས་སྔོན་ལ་འཆར་འགོད་དང་རང་འགུལ་དམིགས་གཏད་བྱེད་པར་མཛུབ་སྟོན་བྱས། འཐིམ་སིམ་རྣམ་པའི་ཕྱི་ཕྱོགས་ཉོ་ཚོང་གི་བརྗེ་རེས་སྟེགས་བུ་འཛུགས་སྐྲུན་བྱས་པ་དང་། ཆེད་མཁས་པས་ཚོམས་བརྟག་བྱེད་པའི་ཁ་པར་ཞབས་ཞུ་མཁོ་སྤྲོད་བྱས་ཏེ། ཕྱིར་གཏོང་གི་ལྟ་སྐུལ་དོ་དམ་བྱེད་ཐབས་དང་གཅན་ཞུ་སོགས་ཀྱི་གནད་དོན་ལ་ལན་བཏབ་པ་དང་། ཉིན་རྒྱུན་ལྟ་སྐུལ་དོ་དམ་དང་། ཉེན་ཁ་གདེང་འཇོག རྟོགས་སྡོམ་ཚད་ལེན་བཅས་ཟུང་འབྲེལ་གྱི་རྣམ་པ་ལག་བསྟར་བྱས་ནས། ཁེ་ལས་ཀྱིས་སྤུས་ཚད་བདེ་འཇགས་དོ་དམ་མ་ལག་མུ་མཐུད་དུ་འཐུས་ཚང་དང་རིམ་སྤར་བྱེད་པར་ཁྲིད་སྟོན་བྱས། ཕྲེལ་སྦྲེལ་རྣམ་པའི་བདེ་འཇགས་ལྟ་སྐུལ་དོ་དམ་དགེ་མཚན་བེད་སྤྱོད་གང་ལེགས་བྱས་ཤིང་། མ་བཅོས་རྒྱུ་ཆའི་འདེབས་འཛུགས་དང་། རྩིས་ལེན། ཐོན་སྐྱེད་ལས་སྣོན་སོགས་ལས་རིམ་སོ་སོའི་སྤུས་ཚད་བདེ་འཇགས་དོ་དམ་བརྒྱུད་དེ། ཞང་ཀང་ལ་འདོན་སྤྲོད་བྱེད་པའི་སྔོ་ཚལ་སྤུས་ཚད་བདེ་འཇགས་ལ་འགན་སྲུང་བྱས།
ལྷ་མོ་འཚོས་བསྒྱུར།