ཟླ5པའི་ཚེས10ཉིན། གསར་འགོད་པས་ཡུས་ཧྲུའུ་རོང་པོ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་ས་ཚིགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བཞི་པའི་ཟླ་མཇུག་ཏུ། མཚོ་སྔོན་ཏོ་མཱའེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚན་རྩལ་ཚད་ཡོད་ཀུང་ཟིས་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་ས་ཚིགས་དང་མཐུན་སྦྱོར་སྒོས་རོང་པོ་རྒྱལ་སྤྱིའི་བརླན་ས་གཙོ་བོ་ཁུལ་དུ་བྱ་རིགས་ལ་རྟོག་ཞིབ་བྱེད་མགོ་བརྩམས་ཤིང་། བརླན་སའི་བྱ་རིགས་བརྟག་བཤེར་ས་ཁུལ་ཉེར་གཅིག་པའི་ན་འདམ་ཁུལ་དུ་ཆུ་སྐྱར་ཆུང་བ་བཞི་རྙེད་པ་དང་། དུས་དེར་སུག་སྔོན་ཆུ་སྐྱར་ཉེར་གཉིས་དང་མཉམ་དུ་ཆུ་ནང་དུ་ཁ་ཟས་འཚོལ་བཞིན་ཡོད། ཆུ་སྐྱར་ཆུང་བ་ནི་རོང་པོ་ཐང་རྒྱལ་སྤྱིའི་བརླན་ས་གཙོ་བོར་ཐོག་མར་ཐོན་པ་ཡིན་ལ། ད་ལྟ་རོང་པོ་ཐང་གི་བྱ་རིགས་རིགས་སྣ149ལ་སླེབས་ཡོད།
རོང་པོ་ཐང་རྒྱལ་སྤྱིའི་བརླན་ས་གཙོ་བོ་དེ་བྱ་རིགས་ལ་ཁ་ཟས་ཀྱི་ཐོན་ཁུངས་དང་ངལ་གསོའི་གནས་མཆོག་འདོན་སྤྲོད་བྱེད་ས་ཞིག་ཏུ་གྱུར་ཡོད་ཅིང་། མདོ་དབུས་མཐོ་སྒང་གི་བྱ་རིགས་གནས་སྤོར་ལམ་ཐིག་དང་ནུས་སྟོབས་གསོ་སའི་ས་ཚིགས་བདེ་ལེགས་ཡོང་བར་སྲུང་སྐྱོབ་བྱས་ཡོད་ལ། མཐོ་སྒང་དུ་མཐོང་དཀའ་བའི་ཆུ་བྱའི་རིགས་ལ་ངལ་གསོའི་ཁོར་ཡུག་ཅིག་བསྐྲུན་པར་མ་ཟད། མདོ་དབུས་མཐོ་སྒང་གི་བརླན་སའི་སྐྱེ་ཁམས་མ་ལག་གི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།
ཆུ་སྐྱར་ཆུང་བ་ནི་འཛམ་གླིང་རང་བྱུང་སྲུང་སྐྱོབ་མནམ་འབྲེལ་གྱི་སྟོངས་ཉེའི་དངོས་རིགས་ཀྱི་མིང་ཐོ་དམར་པོའི་ཁྲོད་ཚུད་ཡོད། ཆུ་སྐྱར་ཆུང་བ་དེ་ལུས་བོངས་ཆུང་གྲས་རིགས་ཀྱི་ཆུ་སྐྱར་ཚན་པའི་གྲས་ཀྱི་བྱ་རིགས་ཤིག་ཡིན་ལ། ཕོ་མོའི་གཟུགས་གཞི་མཚུངས་པར་མ་ཟད་མཆུ་ཏོ་ནག་ཅིང་སྒྲོ་སྤུ་ཁམ་མདོག་ཅན་ཞིག་ཡིན། རྟོག་ཞིབ་བྱེད་སྐབས། ཆུ་སྐྱར་ཆུང་བས་སྐབས་རེར་ཁ་ཟས་འཚོལ་ཞིང་ལན་རེར་སྒྲོ་སྤུ་སྒྲིལ་སྒྲིལ་བྱེད། རོང་པོ་ཐང་དེ་ཁོ་ཚོའི་ངལ་གསོའི་གླིང་ག་ལྟ་བུར་གྱུར་ཡོད། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་རྟོག་ཞིབ་ལས་བསྡོམས་པས་བྱ་རིགས51དང་བྱ5400ལྷག་ཟིན་ཐོར་བཀོད།
རིག་འཛིན་སྒྲོལ་མས་བསྒྱུར།