“གནོད་འགོག་གནོད་སེལ་དྲིལ་སྒྲོག་གཟའ་འཁོར”གྱི་བྱེད་སྒོ་མཚོ་སྔོན་ཟི་ལིང་དུ་སྤེལ་འགོ་བརྩམས།
2024.05.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ5པའི་ཚེས11ཉིན་ནས་ཚེས17ཉིན་བར་ནི་གནོད་འགོག་གནོད་སེལ་གྱི་དྲིལ་སྒྲོག་གཟའ་འཁོར་ཡིན་པས། ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་གནོད་འགོག་གནོད་སེལ་ནུས་པ་སྔར་ལས་མཐོར་འདེགས་གཏོང་ཆེད། ཟླ5པའི་ཚེས12ཉིན་མཚོ་སྔོན་ཞིང་ཆེན་དང་ཟི་ལིང་གྲོང་ཁྱེར་གྱིས2024ལོའི་གནོད་འགོག་གནོད་སེལ་གྱི་དྲིལ་སྒྲོག་གཟའ་འཁོར་སྤེལ་འགོ་ཚུགས་པའི་མཛད་སྒོ་ཟི་ལིང་གྲོང་ཁྱེར་དུ་འཚོགས། ཞིང་ཆེན་དང་། གྲོང་ཁྱེར། ས་ཁུལ་བཅས་རིམ་པ་གསུམ་གྱི་གནོད་སེལ་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་དང་། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ཁེ་ལས། ཞིང་ཆེན་དང་གྲོང་ཁྱེར་གྱིས་དོ་དམ་བྱེད་པའི་ཁེ་ལས། སྤྱི་ཚོགས་རོགས་སྐྱོབ་རུ་ཁག་བཅུ་གསུམ་སོགས་མི་བཞི་བརྒྱ་ལྷག་ཚོགས་ར་གཙོ་བོའི་བྱེད་སྒོར་ཞུགས།

ད་ལོའི་ཟླ5པའི་ཚེས12ཉིན་ནི་རྒྱལ་ཡོངས་ཀྱི་གནོད་འགོག་གནོད་སེལ་ཉིན་མོ་ཐེངས16པ་ཡིན་པ་དང་བརྗོད་བྱ་གཙོ་བོ་ནི“མི་ཚང་མས་བདེ་འཇགས་ལ་དོ་སྣང་བྱེད་པ་དང་། མི་ཚང་མས་འཕྲལ་བསྟུན་བྱེད་ཐུབ་པ་སྟེ། གཞི་རིམ་གྱི་གནོད་འགོག་ཉེན་སེལ་ནུས་པ་ཤུགས་ཆེན་པོས་མཐོར་འདེགས་སུ་གཏོང་དགོས”ཞེས་པ་དེ་རེད། བྱེད་སྒོ་སྤེལ་ས་རུ། ཞིང་ཆེན་དང་། གྲོང་ཁྱེར། ས་ཁུལ་བཅས་རིམ་པ་གསུམ་གྱི་གནོད་སེལ་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་སོ་སོས་གནོད་འགོག་གནོད་སེལ་གྱི་དྲིལ་སྒྲོག་བརྗོད་བྱ་གཙོ་བོར་དམིགས་ཏེ། རིག་རྩལ་འཁྲབ་སྟོན་དང་། དྲིལ་སྒྲོག་བློ་འདོན། འཕྲལ་བསྟུན་སྒྲིག་ཆས་བཅས་ས་ཁོངས་གསུམ་དུ་འགྲེམ་སྟོན་བྱས་པ་དང་། འགྲེམས་གནས120ལྷག་ཙམ་བཀོད་སྒྲིག་བྱས་ཡོད་ལ། གནོད་འགོག་གནོད་སེལ་བརྗོད་བྱ་ཡིན་པའི་འགྲེམས་བྱང་300ལྷག་དང་། འཕྲེད་བྱང150ལྷག རོགས་སྐྱོབ་སྒྲིག་ཆས840ལྷག  རོགས་སྐྱོབ་རླངས་འཁོར་བཅུ། བཀོད་འདོམས་རླངས་འཁོར་གཅིག་བཅས་ཡོད་པ་རེད།

དྲིལ་སྒྲོག་བློ་འདོན་ཁུལ་དུ། ལས་བྱེད་མི་སྣས་ཁྱབ་ཁོངས་སོ་སོའི་གནོད་འཚེའི་ཉེན་ཁའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། རི་མོའི་དྲིལ་སྒྲོག་ལག་དེབ་དང་། དྲིལ་སྒྲོག་བརྙན་རིས་གཏོང་བ། བློ་འདྲིའི་སྟེགས་བུ་འཛུགས་པ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་དེ། རྒྱ་ཆེའི་མང་ཚོགས་ལ་གནོད་འགོག་གནོད་སེལ་གྱི་ཤེས་བྱ་དང་རྩལ་ནུས་སྣ་ཚོགས་ཁྱབ་གདལ་བཏང་བ་དང་། གནོད་འགོག་གནོད་སེལ་གྱི་དྲིལ་སྒྲོག་རྒྱུ་ཆ་ཁྲི་གཅིག་དང་སྟོང་ལྔ་ལྷག་བྱིན། སྒྲིག་ཆས་འགྲེམ་སྟོན་ཁུལ་དུ། རྒུད་སྐྱོབ་མི་སྣས་སོ་སོར་གནོད་འགོག་གནོད་སེལ་དང་། མེ་འགོག་རྒུད་སྐྱོབ། འཕྲལ་བསྟུན་བརྡ་འཕྲིན་སོགས་ཀྱི་སྒྲིག་ཆས་འགྲེམ་སྟོན་བྱས་ཏེ། སྒྲིག་ཆས་བཀོལ་སྤྱོད་དང་། གྲོང་ཁྱེར་གྱི་ཉེན་སེལ། སྨན་བཅོས་དང་ནད་གཡོག་རམ་འདེགས་སོགས་ཀྱི་འབྲེལ་ཡོད་རྩལ་ནུས་སྦྱོང་བརྡར་བྱས་ཏེ། དངོས་གནས་རྒྱ་ཆེའི་མང་ཚོགས་ཀྱིས་ཉེ་འགྲམ་གྱི་ཉེན་ཁ་དབྱེ་འབྱེད་ཡང་དག་བྱེད་པ་དང་དུས་ཐོག་ཏུ་ཉེན་ཁ་གཡོལ་ཐུབ་པ་བྱུང་།

“གནོད་འགོག་གནོད་སེལ་ཉིན་མོའི”དྲིལ་སྒྲོག་བྱེད་སྒོ་དེ་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་དང་། ཚན་རིག་དངོས་སྤྱོད་ཀྱི་གནོད་འཚེ་ཚན་རིག་ལྟར་ཁྱབ་གདལ་དུ་གཏོང་བ། རིགས་ཆ་ཚང་བཅས་ཀྱི་རོགས་སྐྱོབ་སྒྲིག་ཆས་འགྲེམས་སྟོན་བྱས་པ་བརྒྱུད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་གནོད་འགོག་གནོད་སེལ་བྱ་བའི་གལ་ཆེན་རང་བཞིན་རྒྱུས་ལོན་བྱེད་ཐུབ་པ་བྱུང་བ་དང་། ཇི་ལྟར་བྱས་ནས་གནོད་འགོག་གནོད་སེལ་བྱེད་པ་དང་། མྱུར་སྐྱོབ་རང་སྐྱོབ་བྱེད་པ། གནོད་སེལ་བྱེད་པའི་སྐོར་གྱི་འབྲེལ་ཡོད་གནོད་འཚེ་ལས་བྱུང་བའི་ཉེན་ཁ་དང་རང་རྟོགས་ངང་བརྩི་སྲུང་བྱེད་པའི་འབྲེལ་ཡོད་བླང་བྱར་ངོས་འཛིན་ཟབ་མོ་བྱུང་ཞིང་། ཕན་འབྲས་ལྡན་པའི་སྒོ་ནས་མང་ཚོགས་ཀྱི་གནོད་འགོག་གནོད་སེལ་གྱི་འདུ་ཤེས་དང་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ཀྱི་ནུས་པ་ཇེ་དྲག་ཏུ་བཏང་ཡོད།

ཚེ་རིང་སྒྲོལ་མས་བསྒྱུར།