གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་འགུལ་སྐྱོད་དྲུག་ལ་བརྟེན་ནས་ན་གཞོན་གྱི་ལས་ཞུགས་ལ་རོགས་ཤུགས་བཏོན།
2024.05.13 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 22

ཟླ5པའི་ཚེས9ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་བསྟན་དོན། ང་ཚོས་ལོ་རེར་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ན་གཞོན་གྱི་ལས་ཞུགས་ལྟ་སྦྱོང་རྟེན་གཞི་བཞི་བཅུ་ལས་མི་ཉུང་བ་འཛུགས་སྐྲུན་བྱས་པ་དང་། སློབ་ཆེན་སློབ་མ་སྟོང་བཞི་སྒྲིག་འཛུགས་བྱས་ནས་ལས་ཞུགས་དངོས་སྦྱོང་ལག་ལེན་ལ་ཞུགས་སུ་བཅུག་ཅིང་། ལོ་རེར་ནུབ་རྒྱུད་འཆར་འགོད་ཀྱི་རྒྱལ་ཁབ་ལས་གཞི་དང་ས་གནས་ལས་གཞིའི་དང་བླངས་པ་བདུན་བརྒྱ་ལས་མི་ཉུང་བ་བསྡུ་འགུག་བྱས་པ་ཡིན།  ན་གཞོན་རྣམས་ཀྱི་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་ཆེད། ཉེ་སྔོན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་སློབ་གསོ་ཐིན་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཐིན་བཅས་དང་མཉམ་འབྲེལ་སྒོས་མཚོ་སྔོན་གུང་གཞོན་ཚོགས་པས་སློབ་མཐར་ཕྱིན་ཡང་ལས་ཞུགས་བྱས་མེད་པའི་ན་གཞོན་ལ་ཞབས་འདེགས་ཞུ་བའི་འཇོན་ནུས་མངོན་པའི་འཆར་གཞིའི་ལོ་གསུམ་གྱི་འགུལ་སྐྱོད་ལག་བསྟར་ཇུས་གཞི་འགྲེམས་སྤེལ་བྱས་ཏེ། རིམ་དབྱེ་རིགས་དབྱེའི་ལས་ཞུགས་སྣེ་སྟོན་འགུལ་སྐྱོད་དང་། དངོས་སྦྱོང་ལྟ་སྦྱོང་འགུལ་སྐྱོད། ལག་རྩལ་མཐོར་འདེགས་འགུལ་སྐྱོད། ལས་གནས་རྒྱ་སྐྱེད་འགུལ་སྐྱོད། གསར་གཏོད་ལས་སྐུལ་འགུལ་སྐྱོད། ཁེ་དབང་འགན་སྲུང་འགུལ་སྐྱོད་བཅས་ལག་བསྟར་བྱས་ནས། རིམ་འཕར་རྣམ་པའི་ན་གཞོན་གྱི་ལས་ཞུགས་བྱ་བའི་ཕྲེང་སྦྲེལ་རྣམ་པ་ཧུར་ཐག་སྒོས་བསྐྲུན།

ལས་ཞུགས་ཀྱི་འགག་སྒོ་སྔོན་སྐྱོད་བྱས་ཏེ། བརྗོད་དོན་སྒྲོག་འགྲེལ་དང་། བརྗོད་དོན་བྱེད་སྒོ། དཔེ་མཚོན་གདམ་གསེས་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས། སློབ་ཆེན་སློབ་མས་དཔྱོད་ཤེས་དང་བབ་ཆགས་ཀྱི་ལས་འདེམས་ལྟ་བ་དང་ལས་ཞུགས་ལྟ་བ་འཛུགས་པར་ཁྲིད་སྟོན་བྱས། མཐར་ཕྱིན་འཛིན་གྲྭའི་གུང་གཞོན་ཚོགས་པའི་ཀྲི་པུའུ་དེ་སྡེ་ཁག་དུ་བྱས་ནས། སློབ་ལོ་རེར་ལས་ཞུགས་འདུ་ཤེས་ལ་ཁྲིད་སྟོན་དང་ལས་ཞུགས་ལག་རྩལ་གསབ་ཁྲིད་ལ་གཞིགས་ཏེ་གུང་གཞོན་ཚོགས་པའི་བརྗོད་དོན་ཉིན་མོའི་བྱེད་སྒོ་ཐེངས་གཉིས་ལས་མི་ཉུང་བ་སྤེལ། རྒྱུན་རྣམ་ཅན་གྱི་རྩ་འཛུགས་ཀྱིས་ལས་ཞུགས་ཀྱི་ཉམས་ལེན་བྱེད་སྒོ་སྤེལ་བ་དང་། སློབ་ཆེན་སློབ་མའི་ལས་ཞུགས་འཆར་འགོད་དང་། སྡེ་ཁུལ་གྱི་ལག་ལེན་འཆར་འགོད། གཞི་རིམ་དུ་སྐྱེལ་བ་གསུམ་སོགས་དངོས་སྦྱོང་ལག་ལེན་བྱེད་སྒོ་ལག་བསྟར་བྱས་ཤིང་། སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་འགོད་ལག་བསྟར་བྱས་པ་དང་། ན་གཞོན་གྱི་ལས་ཞུགས་ལྟ་སྦྱོང་བྱ་བ་ལག་བསྟར་བྱས་ཏེ། ན་གཞོན་སློབ་མའི་ལས་ཞུགས་ལག་ལེན་ནུས་པ་མུ་མཐུད་དུ་མཐོར་འདེགས་བཏང་། རོང་འབྲོག་ཁུལ་གྱི་ལས་རིགས་ལག་རྩལ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། སྤྱིར་བཏང་མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིན་ཡང་ལས་ཞུགས་བྱས་མེད་པའི་སློབ་མ་སོགས་ལ་ཁ་གཏད་དེ་ལས་ཞུགས་ལག་རྩལ་གསོ་སྦྱོང་སྤེལ་བ་དང་། སྲོག་ཤིང་ཐོན་ལས་དང་ལས་རིགས་གཙོ་བོའི་ཁེ་ལས། ལས་རིགས་དཀོན་པོ་བཅས་ལ་ཞབས་ཞུ་བསྒྲུབ་པའི་ལག་རྩལ་གསོ་སྦྱོང་རྣམ་གྲངས་གསར་སྤེལ་བྱས།

དེ་དང་མཉམ་དུ། ལོ་རེར་བསྡུ་འགུག་ཚོགས་འདུ་ཐེངས་ཉི་ཤུ་ལྷག་དང་། ཐད་གཏོང་ལས་ཚབ་བྱེད་སྒོ་ཐེངས་ཉི་ཤུ་ལས་མི་ཉུང་བ་རྩ་འཛུགས་བྱས་ཏེ། ཕུན་སུམ་ཚོགས་པའི་ལས་ཞུགས་ལས་གནས་དང་ལས་ཞུགས་ཆ་འཕྲིན་འདྲི་རྩད་ཞབས་ཞུ་འདོན་སྤྲོད་བྱས་ཤིང་། ན་གཞོན་གྱི་ལས་ཞུགས་བྱ་བའི་ཕན་ནུས་མུ་མཐུད་དུ་རྒྱ་སྐྱེད་དང་སྐུལ་འདེད་བཏང་། ལོ་རེར་ན་གཞོན་གྱི་ལས་གཏོད་སྲིད་ཇུས་ཀྱི་གསོ་སྦྱོང་ཐེངས་ཉི་ཤུ་ལས་མི་ཉུང་སྤེལ་བ་དང་།  ལས་གཏོད་ཀྱིས་ལས་ཞུགས་སྐུལ་ཁྲིད་བྱེད་པའི་མི་སྣ་སྟོང་གཅིག་ལས་མི་ཉུང་ཞིང་། ལས་གཏོད་དངུལ་བུན་བྱེ་བ་གཉིས་ལས་མི་ཉུང་བ་མཁོ་སྤྲོད་བྱས་པ་དང་། ཕྱོགས་དྲུག་གི་ན་གཞོན་གྱི་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་དང་ཞབས་ཞུ་བསྒྲུབ་པའི་སྟེགས་བུའི་བྱ་བའི་མ་ལག་བརྒྱུད་དེ། ལས་གཏོད་ན་གཞོན་ལ་ཁ་གཏད་ནས་དངུལ་བསྡུ་དངུལ་བུན་དང་། མཛུབ་སྟོན་དགེ་རྒན་གྱི་རོགས་རམ། སྲིད་ཇུས་ཀྱི་སྦྲེལ་མཐུད་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་ནས་ན་གཞོན་གྱི་གསར་གཏོད་ལས་གཏོད་ལ་རོགས་རམ་བྱས།

དེ་ལས་གཞན། ལས་ཞུགས་ཁེ་ཕན་ལ་སྲུང་སྐྱོང་བྱ་རྒྱུ་དེ་གཙོ་གནད་དུ་བཟུང་སྟེ། རྒྱ་ཆེའི་ན་གཞོན་ལ་ཁ་གཏད་ནས་ལས་ཞུགས་ཀྱི་ཁྲིམས་ལུགས་ཤེས་བྱ་སྒྲོག་འགྲེལ་གསོ་སྦྱོང་སྤེལ་བ་དང་། གུང་གཞོན་ཚོགས་པ་དང་དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན་བཅས་ངོ་ཐུག་བྱེད་སྒོ་བརྒྱུད་དེ་ན་གཞོན་གྱི་ལས་ཞུགས་རེ་འདོད་ཡར་ཞུ་བྱས། ཆ་རྐྱེན་དང་འཚམ་པའི་སློབ་མཐར་ཕྱིན་ཡང་ལས་ཞུགས་བྱས་མེད་པའི་ན་གཞོན་རྣམས་རེ་ཞུ་བྱས་པ་ལྟར་མཁར་གྲོང་གི་སྡོད་ཁང་འགན་སྲུང་ཁྱབ་ཁོངས་སུ་ཚུད་པར་སྐུལ་འདེད་བཏང་བ་དང་། ན་གཞོན་རྣམས་ལ་སྡོད་ཁང་གི་སྤྱི་བསགས་མ་དངུལ་བསགས་འཇོག་དང་། བེད་སྤྱོད་ཁེ་དབང་འདྲ་མཉམ་གྱིས་སྤྱོད་པར་རྒྱབ་སྐྱོར་བྱས་ཏེ། ན་གཞོན་གྱི་ལས་ཞུགས་ལ་འགན་སྲུང་ཞབས་ཞུ་འདོན་སྤྲོད་བྱས།

ལྷ་མོ་འཚོས་བསྒྱུར།