མཚོ་སྔོན་གྱི་ཁེ་ལས་གསུམ་གྱི་ཐོན་རྫས་དྲུག་རྒྱལ་ཡོངས་ཀྱི་ལྗང་མདོག་ཟས་རིགས་མཚོན་རྟགས་སྤྱོད་པའི་དཔེ་མཚོན་གྱི་གྲས་སུ་ཚུད།
2024.05.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཉེ་ལམ་ཀྲུང་གོ་ལྗང་མདོག་ཟས་རིགས་འཕེལ་རྒྱས་ལྟེ་གནས་ཀྱིས2023ལོའི་ལྗང་མདོག་ཟས་རིགས་མཚོན་རྟགས་སྤྱོད་པའི་དཔེ་མཚོན་འདེམས་སྒྲུག་བྱས་འབྲས་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ནོ་མུའུ་ཧུང་ཞིང་ནགས་ཐོན་ལས་ཚད་ཡོད་ཀུང་སི་དང་།   མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་ལི་ལི་ཁྱིམ་ཚང་ཞིང་ཕྱུགས་ར།    མཚོ་སྔོན་རོས་ཧུའུ་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སི་བཅས་ཁེ་ལས་གསུམ་གྱི་ཐོན་རྫས་དྲུག་བདམས་ཐོན་བྱུང་།

ཉེ་བའི་ལོ་འགའི་རིང་། རང་ཞིང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱེད་པ་དེ་བྱེད་ཐབས་སུ་བྱས་ནས། “སྤུས་ཚད་མཐོ་རུ་གཏོང་བ་དང་གྲངས་ཀ་བརྟན་པོ་བྱེད་པ།   ཕྲེང་གསབ།    སྐྱེལ་འདྲེན་རྒྱ་སྐྱེད་གཏོང་བ”བཅས་ཐབས་ལམ་དུ་བྱས་ཏེ། ཐོན་རྫས་ཇེ་ལེགས་སུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བ། ཟོང་རྟགས་ལེགས་སྐྲུན་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་བྱེད་པར་དམ་པོར་དམིགས་ནས། ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་སྒོས་བསྒྱུར་ཏེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས་ཇེ་ལེགས་སུ་གཏོང་བ་དང་།    ལྗང་མདོག་སྐྱེ་ལྡན་ས་ཁམས་མཚོན་རྟགས་ཀྱི་ཞིང་ཕྱུགས་ཐོན་རྫས་འདོན་སྤྲོད་ནུས་ལྡན་བྱེད་ཤུགས་ཆེ་རུ་གཏོང་བ།    ལྗང་མདོག་ཟས་རིགས་མཚོན་རྟགས་བེད་སྤྱོད་བྱ་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཞིང་ཆེན་རང་གི་ལྗང་མདོག་ཟས་རིགས་ཀྱི་ཟོང་རྟགས་སྣང་བརྙན་ཇེ་ལེགས་སུ་བཏང་ཡོད།

2023ལོའི་ལོ་མཇུག་བར། ཞིང་ཆེན་ཡོངས་སུ་ལག་ཁྱེར་བླངས་ཡོད་པ་དང་ལྗང་མདོག་ཟས་རིགས་མཚོན་རྟགས་སྤྱོད་དབང་ཡོད་པའི་ཐོན་སྐྱེད་ཁེ་ལས144ཟིན་པ་དང་། ཐོན་རྫས་གཙོ་བོ་ཞིང་ཆེན་ཡོངས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཡིན་པ་དང་། དཔེར་ན་ནོར་གནག་དང་ལུག་ཤ།   སྔོ་ཚལ། འཕང་འབྲས། ཚྭ་ཁུ།  རྩི་ཤིང་གི་སྣུམ་དང་ཆུའི་ཐོན་རྫས།    སྦྲང་རྩིའི་ཐོན་རྫས།   ལོག་དཀར་གྱི་སྣུམ།    ཞོག་ཁོག ནས། འཕང་འབྲས་སོགས་ཀྱི་ཐོན་རྫས་དང་ལས་སྣོན་ཐོན་རྫས་བསྡོམས་པའི690ཡོད།

ཤ་བོ་རིན་མཚོས་བསྒྱུར།