མཚོ་སྔོན་གྱིས་དུས་ཚིགས་དང་པོར་སྤྱི་ཚོགས་རོགས་སྐྱོབ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གཉིས་ས་ཡ་དྲུག་དངོས་འབེབས་བྱས།
2024.05.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ5ཚེས9ཉིན། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། དུས་ཚིགས་དང་པོར་ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་རོགས་སྐྱོབ་སྣ་ཚོགས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གཉིས་ས་ཡ་དྲུག་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ཁག་ཡོད་པའི་མང་ཚོགས་འབུམ་གསུམ་དང་ཁྲི་དགུ་ལྷག་གི་གཞི་རྩའི་འཚོ་བ་འགན་སྲུང་ནུས་ལྡན་བྱས།

ད་ལོ་ནས་བཟུང་། རང་ཞིང་གིས་སློབ་གསོ་དང་། སྨན་བཅོས། སྡོད་ཁང་སོགས་ཀྱི་ཆེད་དམིགས་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། རོགས་སྐྱོབ་ཐོན་ཁུངས་སྣ་ཚོགས་ཧུར་ཐག་གིས་སྡེབ་སྒྲིག་བྱས་ཤིང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་པར་ཡོངས་ཁྱབ་ཏུ་སྐུལ་སློང་བྱས་ཏེ།  མ་མཐའི་འཚོ་བའི་འགན་སྲུང་དང་དམིགས་གསལ་དཀའ་ཁག  ཡོང་འབབ་དམའ་བ།  སྨན་བཅོས། སྡོད་ཁང་། སློབ་གསོ། ལས་ཞུགས། དྲོད་འདོན། གནས་སྐབས་རོགས་སྐྱོབ། དེ་མིན་དགེ་སྒྲུབ་རོགས་སྐྱོབ་བཅས་སྤྱི་ཚོགས་རོགས་སྐྱོབ་ཀྱི་རྣམ་པ་ཆགས་པར་སྐུལ་འདེད་བཏང་ཡོད། དུས་ཚིགས་དང་པོའི་མཇུག་བར་དུ་ཞིང་ཆེན་ཡོངས་སུ་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་ཁྱོན་བསྡོམས་འབུམ་གཉིས་ཁྲི་བརྒྱད་ལྷག་ཡོད་པ་དང་། འགྲོ་གྲོན་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བདུན་ས་ཡ་གཉིས་འབུམ་གཅིག་ཁྲི་དྲུག་ལྷག་བཏང་ཞིང་།  གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་གྱི་མི་ཁྲི་བདུན་དང་སྟོང་བཞི་དྲུག་བརྒྱར་འགྲོ་གྲོན་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་དགུ་འབུམ་དགུ་ལྷག་བཏང་། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་མི་སྣ་ཁྲི་གཅིག་དང་སྟོང་བདུན་དགུ་བརྒྱར་འགྲོ་གྲོན་སྒོར་བྱེ་བ་བདུན་དང་ས་ཡ་བདུན་འབུམ་གཅིག་ཁྲི་དྲུག་ལྷག་བཏང་ཡོད།  རིམ་རྩིས་བྱས་ན་མི་ཐེངས་ཁྲི་གཅིག་དང་སྟོང་བརྒྱད་དགུ་བརྒྱར་གནས་སྐབས་རོགས་སྐྱོབ་ལག་བསྟར་བྱས་པ་དང་།  གནས་སྐབས་རོགས་སྐྱོབ་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་གཅིག་ཁྲི་བརྒྱད་ལྷག་བཏང་སྟེ། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་བདེ་འཇགས་དྲ་བ་སྔར་ལས་ཇེ་བརྟན་དུ་བཏང་།

ཡོང་འབབ་དམའ་བའི་མི་གྲངས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལས་དོན་རྒྱུན་མཐུད་ངང་ཡག་པོར་སྒྲུབ་ཆེད། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ནང་ཁུལ་གྱི་འགན་ནུས་སྡེ་ཁག16དང་དངུལ་རྩའི་སྒྲིག་གཞི9དང་དུས་བཅད་ལྟར་གཞི་གྲངས་ཁག30ཡན་བརྗེ་རེས་དང་མཉམ་སྤྱོད་ལས་དོན་སྤེལ།  སྤྱི་ཚོགས་རོགས་སྐྱོབ་ཀྱི་འགུལ་རྣམ་དོ་དམ་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ།  རོགས་སྐྱོབ་བྱ་ཡུལ་ལ་དུས་བཅད་ལྟར་ཞིབ་བཤེར་དང་ལེགས་སྒྲིག་བྱས་པ་དང་།   གཞི་གྲངས་ཆེན་མོར་བརྟེན་ནས་དུས་ཐོག་ཏུ་འཚོ་བར་དཀའ་ཁག་ཡོད་པའི་མང་ཚོགས་ཤེས་རྟོགས་བྱུང་སྟེ།  རོགས་སྐྱོབ་ལས་དོན་གྱི་གནད་སྨིན་རང་བཞིན་དང་ཕན་འབྲས་རང་བཞིན་ནུས་ལྡན་ངང་འགན་ལེན་བྱས། དུས་ཚིགས་དང་པོར་དབུལ་ཐར་བྱ་ཡུལ་འབུམ་གཅིག་དང་ཁྲི་ལྔ་སྟོང་བཞི་དགུ་བརྒྱ་མ་མཐའི་འཚོ་བའི་འགན་སྲུང་དང་དམིགས་བསལ་དཀའ་ཁག་སོགས་རོགས་སྐྱོབ་འགན་སྲུང་ཁྱབ་ཁོངས་ཁྲོད་བཞག་པ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་སྟོང་བདུན་ལྷག་གསར་སྣོན་བྱས་ཤིང་། མི་སྟོང་ལྔ་དང་དྲུག་བརྒྱ་བབ་བསྟུན་ཕྱིར་འཐེན་བྱས་ནས། རོགས་སྐྱོབ་བྱ་ཡུལ་གྱི་འགུལ་རྣམ་དོ་དམ་དང་འཕར་སྣོན་ཚད་ལྡན་དུ་བཏང་།

དུས་མཚུངས་སུ་ཞིང་ཆེན་དམངས་སྲིད་ཐིན་གྱིས་ད་དུང་སྤྱི་ཚོགས་རོགས་སྐྱོབ་ཁྱབ་ཁོངས་ཀྱི་དཀའ་གནད་དང་དོ་སྣང་ཆེ་ཤོས་ཀྱི་གནད་དོན་ལ་དམིགས་ནས།  བྱ་བའི་ཚན་ཆུང་གསུམ་སྒྲིག་འཛུགས་བྱས་ཏེ་གྲོང་ཁྱེར་དང་ཁུལ6གི་རྫོང9རུ་སོང་ནས་ལོ་འཁོར་གྱི་སྤྱི་ཚོགས་རོགས་སྐྱོབ་ཆེད་དོན་བརྟག་ཞིབ་བྱས་པ་དང་། མ་མཐའི་འཚོ་བའི་འགན་སྲུང་དང་། དམིགས་བསལ་དཀའ་ཁག་ཡོད་པའི་བསྙེན་བཀུར།  གནས་སྐབས་རོགས་སྐྱོབ། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ། མ་དངུལ་ལྟ་སྐུལ་དོ་དམ།  ཡང་བསྐྱར་དབུལ་པོར་འགྱུར་བ་སྔོན་འགོག་གི་རོགས་སྐྱོར་སྲིད་ཇུས་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་གྲངས་རྒྱུན་རྣམ་ཅན་དུ་འགྱུར་བའི་རོགས་སྐྱོར་སྲིད་ཇུས་སྦྲེལ་མཐུད་བྱེད་པའི་བྱ་བར་སྐུལ་འདེད་གཏོང་བ་བཅས་གཙོ་གནད་དུ་བཟུང་ནས་བརྟག་ཞིབ་བྱས་ལ། བབ་བསྟུན་སྒོས་ཁྱིམ་ཚང་དུ་བསྐྱོད་དེ་ངོས་འཛིན་རོགས་སྐྱོབ་བྱ་ཡུལ་གནད་ལ་འཁེལ་ཚད་དང་། མང་ཚོགས་ཀྱིས་སྲིད་ཇུས་ཤེས་རྟོགས་བྱེད་ཚད། བློ་ཡིད་ཚིམ་ཚད་བཅས་ལ་ཞིབ་བཤེར་རྒྱུས་ལོན་བྱས་པ་དང་།  སྲིད་ཇུས་ལག་བསྟར་བྱེད་སྐབས་འགན་སྲུང་དང་རོགས་སྐྱོབ་ཁྲོད་བཞག་མེད་པ་སོགས་ཀྱི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱས་ཤིང་།  ཡུལ་དངོས་ནས་མང་ཚོགས་ཁག་གཅིག་གི་དཀའ་ཁག་དངོས་མཐུན་སྦྱོར་དང་ཐག་གཅོད་བྱས།

 སྒྲོལ་མ་སྐྱིད་ཀྱིས་བསྒྱུར