རྨ་ལྷོ་ཁུལ་གྱིས་རྒྱལ་ཁོངས་ལྗང་སྒྱུར་ལེགས་སྒྱུར་གྱི་སྐྱེ་ཁམས་རྨང་གཞིར་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་།
2024.05.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

ད་ལོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་འདོམས་བྱས་ཏེ། རྒྱལ་ཁོངས་ལྗང་སྒྱུར་གྱི་བྱ་བ་ཁྱོན་ཡོངས་ནས་འགོ་བརྩམས་ཤིང་། ཁུལ་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་སྐུལ་སློང་དང་བྱང་གསུམ་ལས་གཞིའི་འགག་སྒྲོལ་གྱི་སྐུལ་སློང་གྲོས་ཚོགས་ཚད་གཞི་མཐོན་པོས་བསྡུས་པ་དང་། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོ་རྩ་འཛུགས་བྱས་ནས། ཟླ5པའི་ཚེས10ཉིན་བར་དུ་ཁུལ་ཡོངས་ནས་ལས་བྱེད་མང་ཚོགས་ཁྱོན་བསྡོམས་མི་ཐེངས་སྟོང་གཉིས་ལྷག་མངགས་ཏེ་རིགས་སོ་སོའི་ཤིང་མྱུག་སྡོང་རྐང་ཁྲི་གསུམ་ལྷག་བཙུགས།

རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་འགོག་ར་གཙོ་བོ་སྲ་བརྟན་དུ་གཏོང་བའི་དམིགས་འབེན་ལ་གཞིགས་ཏེ། རྨ་ལྷོ་ཁུལ་གྱིས་རྒྱལ་ཁོངས་ལྗང་སྒྱུར་དང་རྩྭ་སའི་སྐྱེ་ཁམས་སླར་གསོ། ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོབ་བཅས་ཀྱི་ལས་གཞི་གལ་ཆེན་ལག་བསྟར་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། འཐབ་ཇུས་གལ་ཆེན་དང་འཆར་འགོད་གཙོ་བོ་རང་འགུལ་སྒོས་སྦྲེལ་མཐུད་བྱས་ནས།  མ་དངུལ་དུང་ཕྱུར་བཞི་དང་བྱེ་བ་གཉིས་འབུམ་གཉིས་དང་ཁྲི་གསུམ་སྟོང་བརྒྱད་དང་ཉིས་བརྒྱའི་མ་རྩ་བཏང་བ་དང་། 2024ལོའི་ནགས་རྩྭའི་ལས་གཞི་ཞེ་བརྒྱད་དངོས་འབེབས་བྱས་ཏེ། མིག་སྔར་ལས་གཞི་ཚང་མ་གོ་རིམ་ལྡན་པའི་སྒོ་ནས་ལས་འགོ་བསྐྱར་འཛུགས་བྱེད་བཞིན་ཡོད།

2024ལོར། རྨ་ལྷོ་ཁུལ་གྱིས་རྒྱལ་ཁོངས་ལྗང་སྒྱུར་གྱི་ལོ་གསུམ་གྱི་འགུལ་སྐྱོད་དང་ས་ནག་ཅན་ཞན་འགྱུར་གྱི་རྩྭ་ས་བཅོས་སྐྱོང་གི་ལོ་ལྔའི་འགུལ་སྐྱོད་མུ་མཐུད་དུ་ལག་བསྟར་གཏིང་ཟབ་དང་ཚན་རིག་མཐུན་པའི་སྒོ་ནས་སྐུལ་འདེད་བཏང་ཞིང་། རྒྱལ་ཁོངས་ལྗང་སྒྱུར་གྱི་ནགས་ཚལ་སྤྱི་ཆིང་ཁྲི་གཅིག་དང་སྟོང་གཉིས་དྲུག་བརྒྱ་སྐྲུན་པ་དང་། རྩྭ་ས་སྤྱི་ཆིང་སྟོང་ལྔ་དང་དགུ་བརྒྱ་སོ་གསུམ་སླར་གསོ་བཅོས་སྐྱོང་བྱས་ཤིང་། རྩྭ་ས་སྤྱི་ཆིང་ཁྲི་གཉིས་ཀྱི་དུག་རྩྭ་བཅོས་སྐྱོང་བྱས་ལ། རྩྭ་ས་སྤྱི་ཆིང་འབུམ་གཉིས་དང་ཁྲི་བརྒྱད་སྟོང་གཉིས་ཀྱི་ཨ་བྲ་དང་གནོད་འབུ་བཅོས་སྐྱོང་བཅས་ཀྱི་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་དེ་ཚད་གཞི་མཐོན་པོས་ཡོངས་འགྲུབ་བྱས་པ་དང་། ནགས་རྩྭའི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བྱེད་ནུས་སྔར་ལས་མཐོར་འདེགས་བཏང་སྟེ། སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བཅས་ཀྱི་འགན་འཁྲི་གལ་ཆེན་ཏན་ཏིག་གིས་ཁུར།

ལྷ་མོ་འཚོས་བསྒྱུར།