ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྨན་རྫས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་དང་། གྲངས་ཉུང་མི་རིགས་ཀྱི་སྨན་རྫས་ཞབས་ཞུའི་ནུས་པའི་རང་བཞིན་དང་ཆ་སྙོམས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་ཆབས་ཅིག གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ལས་སྒོའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཡོད། ཞིང་ཆེན་ཡོངས་སུ་གཞུང་བཙུགས་བོད་སོག་སྨན་ཁང་སྲོག་ཤིང་ཡིན་པ་དང་གཞི་རིམ་བོད་སོག་སྨན་ཁང་རྨང་གཞི་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་སྨན་བཅོས་ཞབས་ཞུའི་མ་ལག་ཆགས་ཡོད།
རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་གསར་སྐྲུན་བཟོ་སྐྲུན་ལེགས་འགྲུབ་བྱུང་ནས་བེད་སྤྱོད་གཏོང་འགོ་བརྩམས་པ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་གིས་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ཁྱད་ལྡན་གཙོ་གནད་སྨན་ཁང་གི་ལས་གཞིར་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད། ཞིང་ཆེན་ཡོངས་ཀྱི་གཞུང་བཙུགས་བོད་སོག་སྨན་ཁང་གིས་གཞུང་བཙུགས་ཀྲུང་ལུགས་གསོ་རིག་སྨན་ཁང་གི་བསྡུར་ཚད་བརྒྱ་ཆེའི་རེ་དྲུག་དང་གྲངས་ཆུང་དྲུག་བདུན་ཟིན་པ་དང་ནད་ཁྲིའི་བསྡུར་ཚད་བརྒྱ་ཆའི་ང་གཅིག་དང་གྲངས་ཆུང་གཉིས་བདུན་ཟིན་ཡོད། ཀྲུང་ལུགས་གསོ་རིག་ཁང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཡོངས་སུ་ཁྱབ་ཡོད་པ་དང་། དེའི་ནང་བོད་སོག་སྨན་ཁང198ཡོད་པ་དེས་བསྡུར་ཚད་ཀྱི་བརྒྱ་ཆའི་ཞེ་ལྔ་ཟིན་ཡོད། དུས་མཚུངས་སུ་བོད་སོག་སྨན་ཁང་གིས་ཁྱད་སྟོབས་འདོན་སྤེལ་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་སྨན་བཅོས་དང་སྨན་ཁང་ནང་གི་སྨན་རྫས་ཁྱབ་གདལ་དུ་གཏོང་བའི་སྐུལ་ལྕག་བྱས། སྨན་རྫས་ཁང་པ་བཙུགས་པའི་བོད་སོག་སྨན་ཁང21ཡོད་པ་དེས་བསྡུར་ཚད་ཀྱི་བརྒྱ་ཆའི་དོན་ལྔ་ཟིན་པ་དང་། དུས་མཚུངས་སུ་ཞིང་ཆེན་ཡོངས་ཀྱི་སྨན་ཁང་མཉམ་འབྲེལ་ལྷན་ཚོགས་ཀྱི་ནང་དུ་སྨན་རྫས་ལེགས་སྒྲིག་དང་བེད་སྤྱོད་བྱས་ནས་མང་ཚོགས་ཀྱི་སྨན་རྫས་ཁ་གསབ་ནུས་ལྡན་དང་གཞི་རྩའི་ཆ་ནས་དགོས་མཁོ་བསྐང་ཡོད། ཞིང་ཆེན་ཡོངས་ཀྱི་བོད་སྨན་སྨན་ལུམས་དང་ཕྱི་བཅོས་ཆེད་ལས་ཚན་ཁག་མནའ་འབྲེལ་བཙུགས་ནས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ལག་བསྟར་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། བསྟུད་མར་ལོ་གསུམ་གྱི་རིང་ལ་ཞིང་ཆེན་རིམ་པའི་མི་རིགས་སྨན་པའི་ཕུལ་བྱུང་ཤེས་ལྡན་མི་སྣར་ཞིབ་འཇུག་དང་གསོ་སྦྱོང་ལས་གཞི་ལག་བསྟར་བྱས་ཏེ། མི་རིགས་སྨན་པའི་ཕུལ་བྱུང་ཤེས་ལྡན་མི་སྣ་དང་རྐང་འཛིན་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱས།
རྒྱལ་ཡོངས་སུ་བོད་སོག་སྨན་བཅོས་སྒྲིག་གཞིའི་སྨན་སྦྱོར་སྨན་རྫས་དཀར་ཆག་ཐོག་མ་བཟོས་ནས། བོད་སོག་སྨན་བཅོས་སྨན་རྫས་རིགས492སྨན་བཅོས་འགན་སྲུང་གི་ཁྱབ་ཁོངས་སུ་བཅུག་པ་དེས་ཞིང་ཆེན་ཡོངས་ཀྱི་བོད་སོག་སྨན་བཅོས་སྒྲིག་གཞིའི་སྨན་རྫས་རིགས་ཀྱི་བརྒྱ་ཆའི་དོན་གཅིག་དང་གྲངས་ཆུང་བཞི་ཟིན་ཡོད། མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིའི་རྒྱུན་སྤྱོད་ཀྲུང་ལུགས་སྨན་གྱི་རྒྱུན་སྤྱོད་མིང་གི་དཀར་ཆག་དང་ནད་ཐོག་བཀོལ་སྤྱོད་ལག་རྩལ་ཕྱོགས་སྟོན་སོགས་བཟོས་ནས། བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིའི་སྨན་སྤྱོད་ཁྱབ་ཁོངས་རྒྱ་ཆེར་བཏང་བ་མ་ཟད་ཚད་ལྡན་དུ་སྤྱོད་པར་གཞི་འཛིན་ས་འདོན་སྤྲོད་བྱས། ནུས་པ་མངོན་གསལ་ཡིན་པ་དང་ནད་པས་རྒྱ་ཁྱབ་ངང་དང་ལེན་བྱེད་པ། ཁྱད་ཆོས་དང་ལེགས་ཆ་འབུར་དུ་ཐོན་པ། བཀོལ་སྤྱོད་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་སོག་སྨན་བཅོས་ཞབས་ཞུའི་ལས་གཞི་སྔོན་ལ་ལེགས་སྒྲིག་བྱས་ཏེ། རང་ཞིང་གི་བོད་སོག་སྨན་བཅོས་ཞབས་ཞུའི་ལས་གཞི་བསྡོམས་པས368ཡོད་པའི་ནང་སྨན་བཅོས་འགན་སྲུང་དཀར་ཆག་ནང་བཅུག་པའི་བསྡུར་ཚད91%ཟིན་ཡོད།
《མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་རྫས་ཀྱི་ཚད་གཞི》དང《མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་རྫས་འདུལ་སྦྱོང་ཚད་གཞི》སོགས་བོད་སྨན་གྱི་ཚད་གཞི་མང་པོ་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་དང་། 2023ལོར་མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་ཚད་ལྡན་ཅན་གྱི་ལག་རྩལ་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས་ལ། རང་ཞིང་གི་བོད་སྨན་ཚད་ལྡན་ཅན་གྱི་འཛུགས་སྐྲུན་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་ཚད་གཞིའི་བེད་སྤྱོད་ནུས་པ་ཆེ་རུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་སྒྲིག་གཞིའི་སྨན་རྫས་སྤུས་ཚད་མཐོ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ནས།《མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་སྒྲིག་གཞིའི་སྨན་རྫས་རིགས་སྣའི་ཚད་གཞི》རྩོམ་སྒྲིག་པར་སྐྲུན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་བོད་སོག་སྨན་བཅོས་སྒྲིག་གཞི་སོ་སོས་ཐོན་སྐྱེད་བྱས་པའི་སྨན་རྫས་ཀྱི་མིང་དང་། སྨན་ཡིག་གི་གྲུབ་ཆ། བྱེད་ནུས་གཙོ་བཅོས་དང་སྤྱོད་པའི་འཛེམ་བྱ་སོགས་གཅིག་གྱུར་ཚད་ལྡན་དུ་བཏང་ཡོད། བོད་ལུགས་གསོ་རིག་གི་ཚད་ལྡན་ཡིག་ཆ་གཞི་གྲངས་ཅན་དུ་འགྱུར་བའི་བཟོ་སྐྲུན་ལག་བསྟར་བྱས་ནས། བོད་ལུགས་གསོ་རིག་གི་གནའ་བོའི་དཔེ་དེབ་དང་ཚད་ལྡན་ཡིག་ཆ3000ལྷག་འཚོལ་བསྡུ་ལེགས་སྒྲིག་བྱས་པ་དང་། 《བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས》དང《བོད་ཀྱི་གསོ་རིག་ཚིག་མཛོད་ཆེན་མོ》སོགས་བོད་ལུགས་གསོ་རིག་གི་ཚད་ལྡན་ཡིག་ཆ་གལ་ཆེན་རྩོམ་སྒྲིག་ལེགས་འགྲུབ་བྱུང་བ་དང་། དུས་དེབ《ཀྲུང་གོའི་བོད་ལུགས་གསོ་རིག》དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད། བོད་ལུགས་གསོ་རིག་གི་ཁྲག་གཏར་གསོ་ཐབས་སོགས་བོད་ལུགས་གསོ་རིག་གི་ལས་གཞི14རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་ནང་བཅུག་ཡོད། མཚོ་སྔོན་བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་ཁང་དེ་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་རིག་གནས་དྲིལ་བསྒྲགས་སློབ་གསོའི་རྟེན་གཞི་ཡིན་པའི་ངོས་ནས། མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད།
ཤ་བོ་རིན་མཚོས་བསྒྱུར།