རྨ་ལྷོ་ཁུལ་གྱིས་ལས་ཞུགས་ཀྱི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ནས་མཁོ་སྤྲོད་སྦྲེལ་མཐུད་ཀྱི་སྟེགས་བུ་བསྐྲུན།
2024.05.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

 དུས་ཚིགས་དང་པོར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལས་ཞུགས་ཞབས་ཞུའི་ལས་དོན་དེ་གཙོ་གནད་དང་དཀའ་གནད་ལ་དམིགས་ནས། སྔ་མོ་ནས་དམ་འཛིན་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ། སྤྱི་པའི་ལས་ཞུགས་ཞབས་ཞུ་སྣ་ཚོགས་རྒྱུན་མཐུད་ངང་སྐུལ་སྤེལ་བྱས།  ཟླ4པའི་ཚེས22ཉིན་བར།  གྲོང་ཁྱེར་དང་གྲོང་རྡལ་གྱི་མི290ལས་ཞུགས་བྱས་ནས་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་གྱི20.71%ཡོངས་འགྲུབ་བྱས།   མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་སྤྱིའི་ཐོ་འགོད་དང་ལས་ཞུགས་བྱས་ཚད89.52%ཟིན་པ་དེ་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་བརྒྱ་ཆའི་གྲངས་ཐིག་གཉིས་ཀྱིས་མཐོ་བ་རེད།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་མི889ལ་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་པ་དང་།   གསོ་སྦྱོང་ཡོངས་འགྲུབ་བྱས་ཚད13%ཟིན་ཡོད།

ད་ལོར། རྨ་ལྷོ་ཁུལ་གྱིས་ལོ་ཧྲིལ་པོའི་ལས་ཞུགས་ཀྱི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ནས།     དུས་ཐུང་དང་གནས་སྐབས།  སྟབས་བདེ་བཅས་ཀྱི་ལས་ཞུགས་སྟེགས་བུ་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་བ་དང་། རོང་འབྲོག་ས་ཁུལ་གྱི་བུད་མེད་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ཞབས་ཞུའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཁུལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ཀྱི་སྤུས་ཚད་ཇེ་མཐོར་བཏང་། ལས་ཞུགས་ལས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྤྱི་པའི་ལས་ཞུགས་ཞབས་ཞུའི་བྱེད་སྒོ་སྤེལ་བར་སྒྲིག་འཛུགས་བྱས་ཏེ།  དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱེད་པའི་བྱེད་སྟངས་ཀྱིས་སྲིད་ཇུས་དང་ལས་གནས། གསོ་སྦྱོང་།  ཁ་གསབ། ཞབས་ཞུ་བཅས་ལག་བསྟར་བྱས་ཏེ།  དྲ་ཐོག་གི་སྨྱན་བྱད་ལས་སྟེགས་ལ་བརྟེན་ནས་ལས་ཞུགས་སྲིད་ཇུས་དང་ལས་མི་སྤྱོད་པའི་ཆ་འཕྲིན་ཁྱབ་སྤེལ་བྱས་པ་དང་།   མཁོ་སྤྲོད་ཕྱོགས་གཉིས་ལ་སྦྲེལ་མཐུད་ལས་སྟེགས་བསྐྲུན་ནས་དུས་དང་རྣམ་པ་ཀུན་ཏུ་ཞབས་ཞུ་ཡོད་པ་དང་། ཉིན་རེར་ཐད་གཏོང་བྱེད་པ།   གཟའ་འཁོར་རེ་རེར་ལས་མི་བསྡུ་བ།  ཟླ་བ་རེ་རེར་བྱ་འགུལ་ཡོད་པ་བཅས་ཀྱི་ལས་ཞུགས་ཞབས་ཞུའི་མ་ལག་བཙུགས།

གཞན་ཡང་། རྨ་ལྷོ་ཁུལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་ལས་རིགས་རྩལ་ནུས་མཐོར་གཏོང་གི་བྱ་སྤྱོད་མུ་མཐུད་དུ་ལག་བསྟར་དང་།  གསོ་སྦྱོང་གི་དགོས་མཁོར་བརྟག་དཔྱད་བྱས་ཏེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། ཞིང་པ་ཞོར་ལས་པ། དབུལ་ཐར་ངལ་རྩོལ་ནུས་ཤུགས་སོགས་གཙོ་གནད་མི་ཚོགས་ལ་དམིགས་ནས།  འཚེམ་དྲུབ་དང་།  གཡོས་སྦྱོར། མི་རིགས་ཀྱི་གླུ་གར།  མཛེས་སྤྲས།  ཁྱིམ་ལས་ཞབས་ཞུ། རླངས་འཁོར་ཞིག་གསོ།   ཞིང་བའི་སྤྲོ་སྐྱིད་ཁང་སོགས་གསོ་སྦྱོང་ལས་རིགས31གཏན་འཁེལ་བྱས་ནས།   ལས་ཞུགས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་འགྲོ་བར་སྐུལ་འདེད་བཏང་།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།