ས་གནས་སོ་སོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཧུར་ཐག་གིས་སྤེལ་བ།
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ས་གནས་སོ་སོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་། ས་གནས་སོ་སོའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ནན་ཏན་སྒོས་ཞིབ་འཇུག་ཇུས་འགོད་དང་། སེམས་ཞིབ་མོས་རྩ་འཛུགས་ལག་བསྟར། ཏན་ཏན་ཏིག་ཏིག་གིས་སྐུལ་འདེད་བཅས་བྱས་ནས་འགོ་ཡག་པོ་ཞིག་བརྩམས།
ཅང་མ་འགོར་བའི་སྔོན་ལ། པེ་ཅིན་རྒྱལ་སའི་ཟས་རིགས་སྡེ་ཚོགས་ཁོངས་གཏོགས་ཚོང་ལས་སྡེ་ཚོགས་རྩ་འཛུགས་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཁག་ཅིག་པེ་ཅིན་གྲོང་ཁྱེར་ཁྲའོ་དབྱང་ཆུས་མི་དམངས་ཁྲིམས་ཁང་བུན་ཡུས་ཧི་ཁྲིམས་རར་སོང་ནས། ལས་ཐོག་ཉེས་གསོག་གི་ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་བྱེད་པའི་རྣམ་པ་བརྒྱུད་དེ། དམིགས་བསལ་གྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སློབ་ཚན་ཞིག་འཚོགས་པ་རེད། ཏང་ཡོན་ལས་བྱེད་པ་ཚོས་གྱོད་གཞི་དཔྱད་གཞིར་འཛིན་རྒྱུ་ནི་གསོན་ཉམས་དོད་པའི་སློབ་གསོ་ཞིག་རེད་ཅེས་བཤད།
ཉེ་ལམ། ས་གནས་སོ་སོས་ཉེན་བརྡའི་སློབ་གསོར་མུ་མཐུད་དུ་ཤུགས་སྣོན་བྱེད་པ་དང་། ཉེ་འགྲམ་གྱི་དོན་དག་གིས་ཉེ་འགྲམ་གྱི་མི་ལ་སློབ་གསོ་བཏང་སྟེ། ཏང་ཡོན་ལས་བྱེད་པར་ཉེན་བརྡ་གཏོང་བ་དང་། ཚད་མཐའ་གསལ་བོ་བྱེད་པ། གུས་སྐྲག་ཤེས་པ་བཅས་བྱས།
ཚན་རིག་དང་མཐུན་པའི་སྒོ་ནས་བྱ་བ་བཀོད་སྒྲིག་བྱེད་པ་དང་། མགྱོགས་མྱུར་ངང་བྱ་བ་བཀོད་སྒྲིག་ནུས་ལྡན་བྱེད་པ། རྩ་འཛུགས་སློབ་སྦྱོང་ཞིབ་ཚགས་བྱེད་པ། བྱ་བའི་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བ། སྲིད་ཇུས་ཀྱི་མཛུབ་སྟོན་ལ་ཤུགས་སྣོན་བྱེད་པ་སོགས་པེ་ཅིན་གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བ་རྒྱུན་འཁྱོངས་བྱས།
ས་གནས་སོ་སོས་རྒྱུན་ལྡན་དུ་སློབ་སྦྱོང་དང་། བཀོལ་སྤྱོད་ཟུང་འབྲེལ” རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོན་པོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ། “སྡེ་དོན་ཡོངས་བསྒྲགས་བྱེད་པ་དེ་དྲ་ཐོག་ཁོ་ནས་ཡོངས་བསྒྲགས་མི་བྱེད་པ་དང་ཡོངས་བསྒྲགས་བྱང་བུ་དུས་ཐོག་ཏུ་གསར་བསྒྱུར་བྱས་ནས། ལག་ཁྱེར་ཁ་པར་སྤྱོད་མི་ཤེས་པའི་རྒན་པ་རྣམས་ལ་བསམ་བློ་གཏོང་དགོས། ཧེ་ལུང་ཅང་ཞིང་ཆེན་ཧྥུའུ་ཅིན་གྲོང་ཁྱེར་ཞིན་ལུང་ཀང་གྲོང་རྡལ་ཏུང་ཡེ་སྡེ་བ་རུ“སྡེ་བ་བརྒྱའི་སྤྱོད་གཙང་སློབ་ཚན”མཇུག་འགྲིལ་རྗེས། སྡེ་བའི་ལས་བྱེད་པ་ཁག་གཅིག་གིས་སློབ་སྦྱོང་གི་མྱོང་ཚོར་གླེང་བཞིན་ཡོད། ཐེངས་འདིའི“སྤྱོད་གཙང་སློབ་ཚན”གྱི་འཆད་ཁྲིད་པ་གཙོ་བོ་སྟེ། ཧྥུའུ་ཅིན་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གྱོད་གཞི་ཞིབ་གཅོད་ཁང་གི་ཀྲུའུ་རིན་ལིས་རོས་ཞིན་གྱིས་བཤད་རྒྱུར། “ང་ཚོས་དྲང་ཕྱོགས་རིག་གནས་དང་ལྡོག་ཕྱོགས་ཉེན་བརྡ་གཏོང་བ་དེ་སྤྱོད་གཙང་སློབ་ཚན་ཁྲོད་འདྲེས་པར་བྱས་ཏེ། སྤྱོད་གཙང་གི་སྐད་སྒྲ་དེ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་སྤེལ་ནས་སྤྱོད་གཙང་ལ་བཀུར་བ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འདུ་ཤེས་དེ་གཞི་རིམ་ལས་བྱེད་པའི་སེམས་སུ་བརྟན་པོར་ཟུག་ཐུབ་པར་བྱེད་དགོས་ཟེར།
ཧེ་ལུང་ཅང་ཞིང་ཆེན་ཏང་ཨུས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལས་བྱེད་པ་ཧུར་ཐག་གིས་རྩ་འཛུགས་བྱས་ཏེ་ཆེད་དོན་སློབ་སྦྱོང་འཛིན་གྲྭ་སྒྲུབ་པ་དང་། སྲིད་གཙང་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་པ། ཉེན་བརྡའི་སློབ་གསོའི་ཆེད་དོན་བརྙན་འཕྲིན་ལ་བལྟ་བ་སོགས་ཀྱི་བྱ་འགུལ་སྤེལ་ནས། ཏང་ཡོན་ལས་བྱེད་པར་ཏང་གི་སྒྲིག་ཁྲིམས་གཟབ་ནན་དང་སྲིད་གཙང་གི་སྟོབས་ཤུགས་ཚོར་ཐུབ་པར་བྱས།
འགན་འཁྲི་གཙོ་བོར་དམིགས་པ་དང་ལས་དོན་གཙོ་བོར་དམ་པོར་དམིགས་ཏེ། སློབ་སྦྱོང་དང་བྱ་བ། སློབ་གསོ། ལག་ལེན་བཅས་གཅིག་གྱུར་བྱས། ཧི་ནན་ཞིང་ཆེན་ནན་དབྱང་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་དྲང་ཕྱོགས་ཀྱི་ཁྲིད་སྟོན་དང་ལྡོག་ཕྱོགས་ཀྱི་ཉེན་བརྡ་གཅིག་གྱུར་བྱས་ཏེ། ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་སློབ་སྦྱོང་བྱེད་པ་དང་དུས་མཚུངས་སུ། ཉེན་བརྡའི་སློབ་གསོར་ཤུགས་སྣོན་དང་། “སྒྲིག་ཁྲིམས་དྲུག”དང་འགལ་བའི་དཔེ་མཚོན་གྱོད་དཔེ་བདམས་ནས། དེབ་ཏུ་འགོད་པ་དང་བརྙན་ཕབ་བྱས་ཏེ། གྱོད་གཞིར་ བརྟེན་ནས་ཀུན་སྤྱོད་གླེང་བ་དང་། གྱོད་གཞིར་བརྟེན་ནས་སྒྲིག་ཁྲིམས་གླེང་བ་རེད།
ཧི་ནན་ཞིང་ཆེན་གྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་མིག་སྔའི་བྱ་བ་དང་ཟུང་འབྲེལ་བྱས་ཏེ། སྒྲིག་སྲོལ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་བཅས་ཀྱི་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་དང་། སློབ་སྦྱོང་གི་གྲུབ་འབྲས་དེ་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་བསྒྱུར། རྒྱ་ཆེའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པས་སྒྲིག་ཁྲིམས་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སྲུང་སྐྱོང་སྔར་ལས་ཇེ་བརྟན་དུ་གཏོང་བ། སྒྲིག་སྲོལ་དང་སྒྲིག་ཁྲིམས་སློབ་སྦྱོང་སྔར་ལས་རང་རྟོགས་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།
ཉེ་ལམ། ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་སྐྱེད་ཚལ་ཅུས་ཀྱིས་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་སྲིད་དོན་གཙང་སྐྱོང་གི་རབ་བཏགས་རི་མོའི་སྐོར་སྐྱོད་འགྲེམས་སྟོན་ལ་བལྟས་པ་དང་། ཏང་གཤིས་ཀྱི་བག་ཆགས་བཟང་པོ་དང་སྲིད་དོན་གཙང་སྐྱོང་གི་སློབ་གསོ་དང་ལེན་བྱས། ཐེངས་འདིའི་འགྲེམས་སྟོན་སྟེང་སྲིད་དོན་གཙང་སྐྱོང་གི་རབ་བཏགས་རི་མོའི་བརྩམས་ཆོས་ཁྱོན་བསྡོམས60འགྲེམས་སྟོན་བྱས་པ་དང་། དགོད་བྲོ་བའི་རྣམ་པ་དང་ཁ་མཚར་གྱི་རྣམ་པའི་ཐོག་ནས་སྤྱོད་གཙང་ལ་བསྟོད་བསྔགས་དང་། སྤྱོད་གཙང་སྲོལ་བཟང་དར་སྤེལ། རུལ་སུངས་ལ་ཁ་རྡུང་དང་ཟུར་ཟ། འདོད་རྔམ་དང་རུལ་སུངས་ལ་དགག་པ་བཅས་བྱས་ཡོད།
ས་གནས་སོ་སོས་སློབ་སྦྱོང་གི་གཙོ་གནད་ལ་དམ་པོར་དམིགས་ཏེ། རྣམ་པ་མང་པོའི་སློབ་སྦྱོང་དང་ལག་ལེན་གྱི་བྱ་འགུལ་ལ་རྩ་འཛུགས་ཞིབ་མོ་བྱས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་ སློབ་གསོ་སྤེལ་བའི་ཚུན་ལ། ཧྥུའུ་ཅན་ཞིང་ཆེན་གྱིས་སློབ་སྦྱོང་གི་གཙོ་གནད་དམ་འཛིན་ནན་མོ་བྱས་ཏེ། སློབ་སྦྱོང་ལ་སྤུས་ཚད་ལྡན་པར་བྱས་པ་དང་ཆབས་ཅིག སློབ་སྦྱོང་གི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། སྲིད་དོན་གཙང་སྐྱོང་གི་རིག་གནས་དཔེ་སྟོན་རྟེན་གཞི་དང་། འབྲེལ་ཡོད་པར་རིས་དང་བརྙན་ལམ། རབ་བཏགས་རི་མོ་སོགས་བརྒྱུད་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་གི་ཁྲོད་ནས“སྒྲིག་ཁྲིམས་དྲུག”གི་ནང་དོན་དང་གཏན་འབེབས་ཀྱི་བླང་བྱ་ཁོང་དུ་ཡང་དག་ཆུད་པ་བྱེད་པར་ཁྲིད་སྟོན་བྱས།
ཞིན་ཅང་ཐ་ཁྲིན་ས་ཁུལ་གྱིས་《ཁྲིམས་སྐྱོང་འཆད་ཁྲིད》ཕབ་བསྐྲུན་བྱས་ནས།《སྲོལ་ཡིག》ལ་འཆད་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་མཚུངས་སུ། ད་དུང“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པ་དང་མི་རིགས་མཐུན་སྒྲིལ་མཛའ་མཐུན་བྱ་འགུལ་སོགས་བེད་སྤྱོད་ཡག་པོ་བྱས་ཏེ། སྒོ་ཁར་སློབ་སྦྱོང་བྱེད་པར་སྐྱོད་པ་དང་། ཆ་སྒྲིག་སློབ་སྦྱོང་བྱེད་རོགས་བྱེད་པ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་ནས། འཁོར་སྐྱོད་ཏང་ཡོན་དང་། རྒྱང་རིང་འབྲོག་ཁུལ་གྱི་ཏང་ཡོན། རྒན་པ་དང་འགྲོ་སྐྱོད་སྟབས་མི་བདེ་བའི་ཏང་ཡོན་བཅས་ཀྱི་སློབ་སྦྱོང་དམ་འཛིན་ཡག་པོ་བྱས།
ཉེ་ལམ། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་འཚོགས་ནས། ལྗོངས་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བར་བཀོད་སྒྲིག་བྱས་པར་མ་ཟད། ཕྱོགས་ལྔའི་ཐད་ཀྱི་བྱེད་ཐབས་ཞིབ་ཕྲ19གསལ་བོ་བཟོས་ཏེ། ཏིས་དང་ཁུལ། གྲོང་ཁྱེར14དང་། རྫོང་དང་གྲོང་ཁྱེར། ཆུས96། ཏང་ཙུའུ6600ལྷག གཞི་རིམ་ཏང་རྩ་འཛུགས་ཁྲི་བརྒྱད་དང་སྟོང་བརྒྱད་ལྷག་བཅས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པ་དེ་ཉིན་རེ་དང་དུས་རྒྱུན་དུ་དམ་འཛིན་བྱེད་པར་རྩ་འཛུགས་དང་ཁྲིད་སྟོན་བྱས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།