ཟླ5པའི་ཚེས15ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་ཚན་རྩལ་གྱི་འོད་སྣང་ཞེས་པའི་ན་གཞོན་གྱི་འཆད་ཁྲིད་བྱེད་སྒོ་དེ་ཀྲུང་གོའི་ཚན་རིག་གླིང་གི་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་ནས་སྤེལ་མགོ་བརྩམས་ཤིང་། མཚོ་སྔོན་ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚན་རྩལ་གྱི་འོད་སྣང་དང་ན་གཞོན་གྱི་འཆད་ཁྲིད་ཅེས་པའི་སྒྲོག་འགྲེལ་ཚོགས་པ་དངོས་སུ་བཙུགས།
ཐེངས་འདིའི་བྱེད་སྒོས་ན་གཞོན་གྱིས་ཐོན་ལས་ཀྱི་གནས་བཞིར་རོགས་ཤུགས་འདོན་པ་དང་ལང་ཚོས་མ་འོངས་གསར་བ་བསྐྲུན་ཞེས་པ་དེ་བརྗོད་དོན་བྱས་ཤིང་། དམིགས་ཡུལ་ནི་གུང་གཞོན་ཚོགས་པ་ཀྲུང་དབྱང་དང་། རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ན་གཞོན་གྱི་ཚན་རྩལ་གསར་གཏོད་ཀྱིས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་འགྲོ་རྒྱུར་རོགས་ཤུགས་འདོན་པའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣས་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་ཅིང་། ན་གཞོན་ཚན་རྩལ་ལས་སྒྲུབ་པས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་འགྲོ་རྒྱུར་རོགས་ཤུགས་འདོན་པའི་ཐད་འགན་སྒྲུབ་ཁག་ཁུར་བྱེད་པར་སྣེ་ཁྲིད་དང་སྐུལ་ཁྲིད་བྱེད་པ། ཚན་རྩལ་ཁྱབ་གདལ་གཏོང་བའི་བྱ་བཞག་ལ་ལེགས་སྐྱེས་གང་ནུས་འབུལ་བ་དང་། ལོ་ཆུང་གཞོན་ནུར་ཚན་རྩལ་ཤེས་བྱ་སྒྲོག་སྤེལ་བྱས་ནས་ལོ་ཆུང་གཞོན་ནུའི་ཚན་རིག་བྱང་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་ཞིང་། ལོ་ཆུང་གཞོན་ནུས་རང་རྟོགས་སྒོས་མི་སྒེར་གྱི་ཕུགས་བསམ་དེ་རྒྱལ་ཁབ་ཕྱུག་འགྱུར་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཁྲོད་འདྲེས་པར་བྱེད་པར་སྣེ་ཁྲིད་དེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་འབྱུང་བར་ལང་ཚོའི་སྟོབས་ཤུགས་འབུལ་དགོས་ཞེས་པ་དེ་ཡིན།
བྱེད་སྒོའི་སྟེང་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ཝང་ཞའོ་དབྱིན་དང་། ཀྲུང་གོའི་ཚན་རིག་གླིང་གི་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཅཱ་ཀོང་ཞེ། ཀྲུང་གོའི་ཚན་རིག་གླིང་གི་ཚྭ་མཚོ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཉན་ཧོང་ཨིན། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ལོ་གཞོན་ལས་བྱེད་པ་ཏུང་ཞའེ་དབྱིན་བཅས་གདན་ཞུ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་བསྐྲུན་པ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་འཛུགས་སྐྲུན་བཅས་སོ་སོར་གཞིགས་ནས་ཤེས་བྱའི་འཆད་ཁྲིད་སྤེལ།
གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། གཤམ་ནས་ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་སྒྲོག་འགྲེལ་ཚོགས་པའི་ཤེས་ལྡན་མི་སྣའི་ཀླད་ནུས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། ལས་ཁུངས་དང་། མཐོ་རིམ་སློབ་གྲྭ་དང་སློབ་གྲྭ་ཆུང་འབྲིང་གི་སློབ་ར། ཁེ་ལས་དང་ལས་དོན་ལས་ཁུངས། གྲོང་གསེབ་ཀྱི་སྡེ་ཁུལ་བཅས་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལོ་ཆུང་གཞོན་ནུ་རྣམས་ལ་ཁ་གཏད་དེ་ཚན་རྩལ་གྱི་འོད་སྣང་དང་ན་གཞོན་སློབ་ཁྲིད་ཅེས་པའི་མུ་འབྲེལ་བྱེད་སྒོ་རྒྱུན་མཐུད་སྒོས་སྤེལ་རྒྱུ་ཡིན་ཟེར།
ལྷ་མོ་འཚོས་བསྒྱུར།