མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱིས་མཉམ་དུ་ནགས་རྩྭའི་སྐྱེ་དངོས་གནོད་འཚེ་འགོག་སྡོམ་གྱི་སྐྱེ་ཁམས་དྲ་རྒྱ་བཙུགས།
2024.05.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ5པའི་ཚེས17ཉིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་མིན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ནགས་རྩྭའི་སྐྱེ་དངོས་གནོད་འཚེ་འགོག་སྡོམ་ལ་ཤུགས་བསྣན་ནས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་པ་བརྗོད་དོན་དུ་བྱས་པའི་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་ནགས་རྩྭའི་སྐྱེ་དངོས་གནོད་འཚེ་འགོག་སྡོམ་དྲིལ་སྒྲོག་གཟའ་འཁོར་གྱི་མཉམ་འགོག་མཉམ་སྡོམ་བརྗེ་རེས་བྱ་འགུལ་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ཧུང་ཀུའུ་ཆུའུ་དང་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་མིན་ཧི་རྫོང་དུ་བསྡུས་ཏེ། མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མཉམ་དུ་ནགས་རྩྭའི་སྐྱེ་དངོས་གནོད་འཚེ་འགོག་སྡོམ་གྱི་སྐྱེ་ཁམས་དྲ་རྒྱ་འཛུགས་སྐྲུན་བྱས།

ཉིན་དེར། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་ནགས་རྩྭ་མ་ལག་དང་ཞིང་ཆེན་གཉིས་ཀྱི་ཁྱིམ་མཚེས་ས་ཁུལ་གྱི་གྲོང་ཁྱེར་དང་ཁུལ9དང་། རྫོང་ཁུལ15ནས་ཡོང་བའི་ནགས་ཚལ་འགོག་སྲུང་ལས་ཁུངས་ཀྱི་འགན་ཁུར་མི་སྣ་སོ་སོར་་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ཧུང་ཀུའུ་ཆུའུ་ཡི་སྐྱེ་ཁམས་ནགས་ལས་ཚོད་ལྟའི་སྤྱི་ཁྱབ་ར་བའི་ཝང་ཅ་ཁུག་ནགས་ར་དང་། མཚོ་ཤར་གྲོང་ཁྱེར་མིན་ཧི་རྫོང་ཟི་ན་སྤྱི་གླིང་ཕྱིར་ཡོང་ནང་འཛུལ་གནོད་སྐྱེལ་དངོས་རིགས་ལྟ་ཞིབ་བྱེད་ས་སོགས་ལ་སོང་ནས། ཡུལ་དངོས་ལྟ་སྦྱོང་དང་ཡུལ་དངོས་བཟོ་ལྟ། བཞུགས་མོལ་བརྗེ་རེས་སོགས་ཀྱི་རྣམ་པ་སྤྱོད་པ་དང་། བྱ་འགུལ་གྱི་བརྗོད་དོན་ལ་དམིགས་ནས་ཇུས་ཆོད་ལ་གྲོས་སྡུར་བྱས་པར་མ་ཟད། རིམས་ནད་ཞིབ་དཔྱད་དང་གནོད་འཚེ་སྔོན་འགོག་བྱེད་རྒྱུ་ལས་འགན་གཙོ་བོར་བརྩི་བ་དང་། ལྟ་ཞིབ་ཉེན་བརྡ་རྨང་གཞི་རུ་བྱེད་པ། ལྗང་མདོག་འགོག་སྡོམ་གཞི་རྩ་རུ་བྱེད་པ་བཅས་བྱས་ཏེ། ནགས་ལས་གནོད་ལྡན་སྐྱེ་དངོས་མཉམ་འགོག་མཉམ་སྡོམ་མཐུན་སྦྱོར་རྐྱེན་སྲོལ་བཙུགས་པ་དང་། རིམས་དཔྱད་ཁྲིམས་འཛིན་སྒྲིག་ལམ་ཇེ་དམ་དུ་བཏང་ལ། འགོག་སྡོམ་ལས་ཆོད་དང་སྤུས་ཚད་ཇེ་མཐོར་བཏང་ནས། ཁུལ་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས་འགོག་རར་སྲུང་སྐྱོབ་བཟང་བོ་བྱས།

ལན་ཀྲོའུ་ཧུང་ཀུའུ་དང་མཚོ་ཤར་མིན་ཧི་གཉིས་ཀ་ལན་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་གྲོང་ཁྱེར་གཙོ་བོ་ཡིན་པའི་ཆ་ནས། མཉམ་ལས་འཕེལ་རྒྱས་ཐད་ནས་དགེ་མཚན་ཆེན་པོ་ལྡན་པ་དང་། 2021ལོའི་ཚུན་དུ། མིན་ཧི་རྫོང་གིས་སོ་སོར་ཧུང་ཀུའུ་ཆུའུ་དང་མཐའ་འཁོར་གྱི་དཔའ་ལུང་དང་ལི་ཏུའུ། ཞོན་ཧྭ། ཅི་ཧྲི་ཧྲན། ཡུང་ཅིན་སོགས་ས་ཆའི་ནགས་རྩྭའི་སྡེ་ཁག་བར་དུ། ནགས་ལས་དང་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་མཉམ་འགོག་མཉམ་སྡོམ་གྲོས་མཐུན་བཀོད་ལ། ཆ་འཕྲིན་མཉམ་སྤྱོད་དང་ཐོན་ཁུངས་མཉམ་སྤྱོད། མཉམ་ལས་གཞོགས་འདེགས། མཉམ་འབྲེལ་འགོག་སྡོམ་གྱི་རྩ་དོན་ལྟར། སྟོབས་ཤུགས་ཡོད་རྒུས་ནགས་ལས་དང་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་ཀྱི་གནོད་འཚེ་སྔོན་འགོག་ཐད་དམ་འཛིན་བྱས།

ཉེ་བའི་ལོ་འགའི་རིང་ལ། མིན་ཧི་རྫོང་གིས་ནང་འཛུལ་གནོད་སྐྱེལ་དངོས་རིགས་ལྟ་ཞིབ་ས་ཚིགས་དང་ནད་རིགས་ལྟ་ཞིབ་དཔེ་སྟོན་ཁུལ་འཛུགས་སྐྲུན་སྤེལ་བ་དང་། གཏན་ཁེལ་ལྟ་ཞིབ་བྱེད་ས་ཉེར་དགུ་རུ། བརྟག་དཔྱད་སྒྲིག་ཆས་བཞི་བརྒྱ་དང་སོ་གསུམ་སྡེབ་སྒྲིག་བྱས་པ་དང་། ནགས་སའི་ཨ་བྲའི་གནོད་འཚེ་དང་ནད་རིགས་ཀྱི་གནོད་འཚེ། འབུ་གནོད་སོགས་ཀྱི་གཏན་ཁེལ་དང་གནས་སྐབས་ཀྱི་དཔེ་གཞི་ས་ཆ522བཙུགས་ནས། ཨ་བྲ་སོགས་གནོད་ལྡན་སྐྱེ་དངོས་ཀྱི་གནོད་འཚེ་འགོག་སྡོམ་བཟང་བོ་བྱས།

རིན་ཆེན་མཚོས་བསྒྱུར།