ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་རྨོ་འདེབས་ཁས་ལེན་དཔེ་རིས་ཁ་གསབ་དཔང་ལེན་བྱ་བར་སྐུལ་འདེད་ཧུར་ཐག་བཏང་།
2024.05.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི2023ལོའི་ལོ་ཧྲིལ་བོའི་རྒྱལ་ཁབ་ས་ཆ་བསྒྱུར་བཅོས་བརྟག་དཔྱད་རྨོ་འདེབས་ཁས་ལེན་དཔེ་རིས་ཁ་གསབ་དཔང་ལེན་བྱ་བ་དང་། དེ་མིན་རྨོ་ཞིང་བཟུང་བ་དང་ཁ་གསབ་དོ་སྙོམས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་ཆེད།    ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་ཟླ5ཚེས9ཉིན་ཆེད་མངགས་མི་སྣ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་བརྟག་ཞིབ་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་མངག་པ་མ་ཟད་གནས་པའི་གནད་དོན་ལ་ཡུལ་དངོས་ནས་ཐག་གཅོད་བྱས།

བརྟག་ཞིབ་ཚན་ཆུང་གིས་གྲོང་ཁྱེར་གཉིས་དང་རྫོང་སོ་སོའི་རང་བྱུང་ཐོན་ཁུངས་སྡེ་ཁག་གིས་རྨོ་ཞིང་སྲུང་སྐྱོབ་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས་པ་དང་།    དངོས་ཐོག་བདེན་འཚོལ་དང་ས་གནས་ཀྱི་གནས་ཚུལ་ལ་གཞིགས་ནས་ས་ཞིང་རིགས་ངོས་འཛིན་བྱེད་པའི་རྩ་དོན་ལ་བརྩི་སྲུང་ནན་མོ་བྱས་ནས། རྨོ་ཞིང་རིགས་ངོས་འཛིན་བྱེད་པའི་ཚད་གཞི་ནན་མོ་བྱས་ཏེ་གསར་དུ་འཕར་བའི་རྨོ་ཞིང་དོན་དངོས་དང་མཐུན་པའི་འགན་ལེན་བྱེད་དགོས།     གནས་ཚུལ་དངོས་དང་གནམ་གཤིས་ཆ་རྐྱེན་ལ་གཞིགས་ནས་འབྲུ་རིགས་འདེབས་འཛུགས་ཀྱི་ལས་འགན་དོན་འཁྱོལ་ཇེ་མགྱོགས་སུ་བཏང་ནས། ཟླ5བའི་ཚེས་20ཉིན་གྱི་སྔོན་དུ2023ལོའི་ལོ་འཁོར་གྱི་རྨོ་འདེབས་ཁས་ལེན་དཔེ་རིས་ཁ་གསབ་དཔང་ལེན་བྱ་བ་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱ་དགོས།  བླང་བྱ་དང་མི་མཐུན་པ་རྣམས་འབྲེལ་ཡོད་སྡེ་ཁག་ལ་ཁྱོན་ཡོངས་ནས་དག་ཐེར་ནན་མོ་བྱ་རྒྱུར་སྐུལ་འདེད་བཏང་ནས། བྱ་ཐབས་ནུས་ལྡན་སྤྱད་དེ་རྨོ་འདེབས་ཁས་ལེན་དཔེ་རིས་ཁ་གསབ་དཔང་ལེན་བྱ་བ་ཚད་གཞིར་སླེབས་ཐུབ་པར་ཁག་ཐེག་བྱེད་དགོས།   དེ་དང་ཆབས་ཅིག རྨོ་ཞིང་བཟུང་བ་དང་ཁ་གསབ་དོ་སྙོམས་ཡོང་བའི་ཆེད་དོན་བཅོས་སྒྲིག་བྱ་བར་དམིགས་ནས་གནད་དོན་གྱི་ཞིབ་ཐོ་ཞིབ་བཤེར་དང་གསེད་བཀྲོལ་བྱེད་པ་དང་།    འགན་འཁྲི་ལས་བགོས་ལ་ཤུགས་སྣོན་པ།    རིགས་དབྱེ་ནས་ཐབས་ཇུས་ལག་བསྟར་བྱེད་པ།    བཅོས་སྒྲིག་གི་འགན་འཁྲི་གསལ་བོ་བཅས་བྱས་ཏེ། སྔོན་ལ་སླ་ཞིང་རྗེས་སུ་དཀའ་བའི་གོ་རིམ་ལྟར་གནད་དོན་བཅོས་སྒྲིག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། ཟླ5པའི་ཟླ་མཇུག་སྔོན་བཅོས་སྒྲིག་བྱ་བ་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས།

ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། གྲོང་ཁྱེར་གཉིས་དང་རྫོང་སོ་སོའི་ཞིང་བཏབ་མེད་པའི་ས་ཆ་གཅིག་སྡུད་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས། མཐར་མཇུག་གི་བྱ་བ་དམ་འཛིན་ནན་མོ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཞན་ཆ་ཁ་གསབ་དང་སྐྱོན་ཆ་འགོག་པ།    གཟའ་འཁོར་རེར་བཀོད་གཏོང་དང་ཟླ་ཕྱེད་དུ་བརྡ་ཁྱབ་གཏོང་རྒྱུ་བཅས་བྱས་ནས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་དང་རྫུན་བཟོ་གཏན་འགོག་བྱེད་པ།    དངོས་གཉེར་ཞིབ་ཚགས་དང་ནུས་ཤུགས་ཡོད་རྒུས་མཆོང་སྐྱོད་བྱས་ཏེ་དུས་བཅད་ལྟར་ལས་འགན་ལེགས་འགྲུབ་བྱ་རྒྱུ་ཡིན་ཟེར།

ཤ་བོ་རིན་མཚོས་བསྒྱུར།