ཚྭ་འདམ་གཞོང་སའི“བྱང་གསུམ”བཟོ་སྐྲུན་མཁྲེགས་གཏོར་དམག་འཐབ་ཀྱི་གཙོ་གནད་ལས་གཞི་སྤེལ་འགོ་བརྩམས།
2024.05.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

 ཟླ5པའི་ཚེས16ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི“བྱང་གསུམ”བཟོ་སྐྲུན་བྱ་བའི་དོ་དམ་ཆེད་ལས་འཛིན་གྲྭ་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྨ་ནུབ་དོག་ལམ་ཐ་ཁི་ལ་མ་ཀན་བྱེ་ཐང་མཐའ་འཁོར་གྱི་མཁྲེགས་གཏོར་དམག་འཐབ་མཚོ་སྔོན་ཡུག་ཁུལ་ཚྭ་འདམ་གཞོང་སའི་མྱ་ངམ་ཐང་འགོག་བཅོས་དང་སྐྱེ་ཁམས་སླར་གསོའི་ལས་གཞི་དེ་ཟླ5ཚེས11ཉིན་གཏེར་ལེན་ཁ་གྲོང་ཁྱེར་ཀ་ཧའེ་གྲོང་རྡལ་ཐའོ་ཧ་སྡེ་བར་ལག་བསྟར་བྱེད་འགོ་བརྩམས་པ་དང་། གཙོ་གནད་ལས་གཞི་ཁག་དང་པོ་ཡིན་པའི་ངོས་ནས།  ལས་གཞི་དེ་ལས་འགོ་བརྩམས་པའི་ཐོག་ནས་ཞིང་ཆེན་ཡོངས་ཀྱི“བྱང་གསུམ”བཟོ་སྐྲུན་མཁྲེགས་གཏོར་དམག་འཐབ་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་པ་མཚོན་ཡོད།

མཚོ་སྔོན་ཞིང་ཆེན་གྱི་མྱ་ངམ་ཐང་དང་བྱེ་འགྱུར་ས་ཆའི་གཞི་ཁྱོན་ཆེ་བ་དང་། ཁྱབ་རྒྱ་ཆེ་བ། ས་བབ་མཐོ་བ་བཅས་ནི་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་དང“བྱང་གསུམ”བཟོ་སྐྲུན་གྱི་གཙོ་གནད་ས་ཁོངས་ཤིག་ཡིན། རྒྱལ་ཡོངས་ཀྱི་མྱ་ངམ་ཐང་དང་བྱེ་འགྱུར་ས་ཆའི་ལྟ་ཞིབ་ཚད་ལེན་ཐེངས་དྲུག་པ་ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ད་ཡོད་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་སྤྱི་ཆིང་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་གསུམ་ཁྲི་ལྔ་ལྷག་ཟིན་པ་དེས་རྒྱལ་ཁབ་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི17.7%བཟུང་བ་དང་། མྱ་ངམ་ཐང་དུ་འགྱུར་བའི་ས་ཆའི་རྒྱ་ཁྱོན་སྤྱི་ཆིང་བྱེ་བ་གཅིག་ས་ཡ་བརྒྱད་འབུམ་དགུ་ཁྲི་བཞི་ལྷག་ཟིན་པ་དེས་རྒྱལ་ཁབ་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི27.2%བཟུང་ནས།  སོ་སོར་རྒྱལ་ཡོངས་ཀྱི་ཨང་བཞི་པ་དང་ལྔ་པར་སླེབས་ཡོད།  ལོ40ལྷག་གི་རིང་ལ།  ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མྱ་ངམ་ཐང་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་བྱས་ཏེ། “བྱང་གསུམ”བཟོ་སྐྲུན་ འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། གཞི་ཁྱོན་ཆེ་བའི་རྒྱལ་ལྗོངས་ལྗང་བསྒྱུར་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་བྱེ་འགོག་བྱེ་བཅོས་ཀྱི་ལམ་བུ་ཞིག་བཏོད་དེ།  མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བར་ལེགས་སྐྱེས་ཕུལ་ཡོད།

མཚོ་ནུབ་ཁུལ་ནི་མཚོ་སྔོན་གྱི་བྱེ་འགོག་བྱེ་བཅོས་དང“བྱང་གསུམ” བཟོ་སྐྲུན་གྱི་གཡུལ་ས་གཙོ་བོ་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་བྱེ་འགྱུར་རྒྱ་ཁྱོན་ཆེ་ཤོས་དང་བཅོས་སྐྱོང་དཀའ་གནད་ཆེ་ཤོས་ཀྱི་ས་ཁུལ་ཡིན་པའི་ངོས་ནས།  ཁུལ་དེས་བྱེ་འགྱུར་ས་ཆའི་བཀག་སྡོམ་སྲུང་སྐྱོབ་དང་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ་འཛུགས་སྐྲུན་སོགས་སྐྱེ་ཁམས་ལས་གཞི་རྒྱུན་འཁྱོངས་ལྷོད་མེད་ངང་ལག་བསྟར་བྱས་པས། ནགས་ཚལ་དང་རྩྭ་ཐང་གི་རྒྱ་ཁྱོན་དང་ཁེབས་ཚད་ཐད“གཉིས་འཕར”གྱི་རྣམ་པ་མངོན་ཡོད།  ཤེས་རྟོགས་བྱུང་བ་ལྟར་ན།   “བྱང་གསུམ” བཟོ་སྐྲུན་གྱི་དུས་ཐེངས་དྲུག་པ་དང་མཁྲེགས་གཏོར་དམག་འཐབ་ཁྲོད། མཚོ་ནུབ་ཁུལ་གྱིས་བྱེ་འགྱུར་ས་ཆ་ཕྱོགས་བསྡུས་བཅོས་སྐྱོང་སྤྱི་ཆིང་འབུམ་གཉིས་དང་ཁྲི་གཉིས་ལྷག་དང་། བྱེ་འགྱུར་མིན་པའི་ས་ཆ་སྤྱི་ཆིང་ཁྲི་གཅིག་ལྷག་ཡོངས་འགྲུབ་བྱས་ཏེ།  གྲུབ་འབྲས་སྤྱི་ཆིང་འབུམ་གཉིས་དང་ཁྲི་གཉིས་ལྷག་སྲ་བརྟན་དུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་སྤྱི་ཡོངས་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།