ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་སློབ་གསོ་ཐིན་གྱིས་མཉམ་འབྲེལ་གཙོ་སྒྲུབ་བྱས་ཏེ་ལས་གཏོད་འདུན་སྐྱེད་ཀྱི་གཏམ་རྒྱུད་མཉམ་སྤྱོད་སློབ་རར་བསྐྱོད་པའི་བྱ་འགུལ་ཐོག་མ་སྤེལ།
2024.05.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

ཟླ5པའི་ཚེས21ཉིན། ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མ་མཱ་རུང་གིས་མཛུབ་སྟོན་དགེ་རྒན་རྣམ་པའི་ལས་གཏོད་གཏམ་རྒྱུད་ལ་ཉན་རྗེས། ང་ལ་ཕན་པ་ཆེན་པོ་ཞིག་ཐོབ་པ་ནི་ངའི་ལས་གཏོད་ཀྱི་ངོས་ཟིན་ཚད་གཞི་ཇེ་མཐོར་བཏང་བ་དང་ངའི་ལས་གཏོད་ཀྱི་ཡིད་ཆེས་ཇེ་དྲག་ཏུ་བཏང་བ་དེ་རེད་ཟེར། ཉེ་ལམ། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། ཞིང་ཆེན་སློབ་གསོ་ཐིན་གྱིས་གཙོ་སྒྲུབ་བྱས་པའི་ལས་ཞུགས་ལས་གཏོད་ཀྱིས་སྟོབས་ཤུགས་བསྐྱེད། ཕུགས་བསམ་འཚོལ་སྙེག་གི་ཡོ་ལང་རྒྱས་ཞེས་པའི་མཚོ་སྔོན་ཞིང་ཆེན་བུད་མེད་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་མཛུབ་སྟོན་དགེ་རྒན་ཚོགས་ཁག་གིས་ལས་གཏོད་འདུན་སྐྱེད་ཀྱི་གཏམ་རྒྱུད་མཉམ་སྤྱོད་སློབ་རར་བསྐྱོད་པའི་བྱ་འགུལ་ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་དུ་སྤེལ་བ་དང་། ཐེངས་འདིའི་འདུན་སྐྱེད་གཏམ་རྒྱུད་མཉམ་སྤྱོད་ནི་ཚོགས་ར་གཙོ་བོའི་བྱ་འགུལ་མགོ་བརྩམས་རྗེས་སློབ་རར་བསྐྱོད་པའི་བྱ་འགུལ་ཐོག་མ་རེད།

མཉམ་སྤྱོད་ཚོགས་རར། སྨན་བཅོས་དང་དྲ་ཐོག་ཚོང་ལས། ཁྱིམ་སྲིད་ཞབས་ཞུ། འཛུགས་སྐྲུན་བཟོ་བསྐྲུན་སོགས་ཁྱབ་ཁོངས་ཀྱི་མཛུབ་སྟོན་དགེ་རྒན་ལྔས་ཁོ་མོ་ཚོའི་ལས་གཏོད་ཀྱི་རྒྱལ་ཁའི་ཉམས་མྱོང་དང་། བྱ་བའི་མྱོང་རིམ་མཉམ་སྤྱོད་བྱས་ཤིང་། མིག་སྔའི་ཁོར་ཡུག་འོག་ཁེ་ལས་ལ་འཇོན་མི་ཅི་འདྲ་ཞིག་མཁོ་བ་དང་། སློབ་ཆེན་སློབ་མས་ཇི་ལྟར་བསྒྲུབ་དགོས་པ། ལས་འཚོལ་ཐབས་རྩལ་དང་ཇུས་ཐབས་སོགས་ཀྱི་ཕྱོགས་ནས་འགྲེལ་བཤད་ཟབ་མོ་བྱས་ཏེ། བུད་མེད་སློབ་ཆེན་སློབ་མའི་ལས་རིགས་འདེམ་པའི་ལྟ་བ་བསྒྱུར་བར་རོགས་རམ་དང་། ཁོ་མོ་ཚོ་གསར་བསྐྲུན་ལས་གཏོད་ཀྱི་ལས་རིགས་འགུལ་སྐྱོད་ཁྲོད་ཞུགས་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཟུང་འབྲེལ་བྱེད་རྒྱུ་དང་།  རྒྱུན་ཆད་མེད་པར་སློབ་སྦྱོང་དང་དཔའ་ངར་ཆེན་པོས་གསར་གཏོད་བྱས་ནས། འབད་བརྩོན་ལྷོད་མེད་ཀྱིས་རང་ཉིད་ཀྱི་མི་ཚེའི་དམིགས་འབེན་དང་རིན་ཐང་མངོན་འགྱུར་བྱེད་པར་སྐུལ་མ་བཏང་།

ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཞུགས་བརྟན་པོ་དང་ལས་ཞུགས་འགན་སྲུང་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། མཛངས་མའི་ལས་ཞུགས་ལས་གཏོད་ཀྱི་སྐུལ་འདེད་འགུལ་སྐྱོད་གཏིང་ཟབ་ཏུ་གཏོང་བ་དང་། ལས་ཞུགས་ལས་གཏོད་ཀྱི་ནུས་པའི་སྤུས་ཚད་ཇེ་མཐོར་གཏོང་བ། ལས་གནས་ཆ་འཕྲིན་སྦྲེལ་མཐུད་སྟེགས་བུ་འཛུགས་པ། ལས་ཞུགས་དངོས་སྦྱོང་ལས་གནས་འདོན་སྤྲོད་བྱེད་པ། ལས་གཏོད་སྲིད་ཇུས་དང་དངུལ་རྩའི་ཞབས་ཞུ་འདོན་སྤྲོད་བྱེད་པ་སོགས་ཀྱི་ཕྱོགས་ནས་བུད་མེད་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ལ་རོགས་རམ་ཧུར་ཐག་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་བུད་མེད་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་རྒྱུ་ཡིན་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།