ཟླ5པའི་ཚེས21ཉིན། ཞིང་ཆེན་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གིས་ཞིང་ཆེན་སློབ་གསོ་ཐིན་དང་མཉམ་འབྲེལ་སྒོས་ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་དུ་རྩ་འཛུགས་ལྡན་པའི་ནག་ཉེས་ལ་རྒོལ་བའི་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་བྱེད་པའི་བྱ་འགུལ་སྤེལ།
བྱ་འགུལ་སྤེལ་སྐབས། རྩ་འཛུགས་ལྡན་པའི་ནག་ཉེས་ལ་རྒོལ་བའི་བཅའ་ཁྲིམས་སྒྲོག་འགྲེལ་པ་བརྒྱད་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་འཛུགས་ལྡན་པའི་ནག་ཉེས་ལ་རྒོལ་བའི་བཅའ་ཁྲིམས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་གཡོ་ལེན་ལ་རྒོལ་བའི་བཅའ་ཁྲིམས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་སོགས་བཅའ་ཁྲིམས་སྒྲིག་ཁྲིམས་དམིགས་སུ་བཟུང་སྟེ་སློབ་སྦྱོང་དང་དྲིལ་སྒྲོག་བྱས་ཤིང་། གོ་བདེ་བའི་སྐད་བརྡ་དང་དཔེ་མཚོན་གྱོད་གཞི་བཀོལ་ནས་མི་རྣམས་ཀྱིས་བཅའ་ཁྲིམས་ལ་བརྩི་བཀུར་དང་། བཅའ་ཁྲིམས་སློབ་སྦྱོང་། བཅའ་ཁྲིམས་སྲུང་བ། བཅའ་ཁྲིམས་བཀོལ་སྤྱོད་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། འགོག་སྲུང་འདུ་ཤེས་དང་ངོས་འཛིན་འདུ་ཤེས། ཁྲིམས་འགལ་ནག་ཉེས་ལ་རྡུང་རྡེག་གཏོང་བའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བའི་ཐད་ནས་ཁྲིད་སྟོན་བྱས་ཏེ། སློབ་སྦྱོང་གི་རྣམ་པ་ལེགས་པོ་ཅིག་བསྐྲུན།
སྒྲོག་འགྲེལ་ལ་ཉན་རྗེས། ཚང་མས་གཅིག་གྱུར་གྱིས་བལྟས་ན། དྲིལ་སྒྲོག་གི་ནང་དོན་ཕུན་སུམ་ཚོགས་ཤིང་དོན་དངོས་དང་མཐུན་པར་མ་ཟད། གཞུང་ལུགས་རང་བཞིན་དང་ཁྲིད་སྟོན་རང་བཞིན་དྲག་པོ་ལྡན་ཞིང་། སློབ་མ་རྣམས་ཀྱིས་རྩ་འཛུགས་ལྡན་པའི་ནག་ཉེས་ལ་རྒོལ་བའི་བཅའ་ཁྲིམས་ཀྱི་ནང་དོན་གཙོ་བོར་ངོས་འཛིན་གསལ་བོ་ཞིག་ཆགས་པ་དང་རྩ་འཛུགས་ལྡན་པའི་ནག་ཉེས་ལ་རྒོལ་བའི་བཅའ་ཁྲིམས་ཀྱི་ལས་དོན་སྤེལ་བའི་གལ་ཆེའི་རང་བཞིན་ལ་རྒྱུས་ལོན་བྱས་པས། བདེ་འཇགས་དང་བརྟན་འཇགས། འཆམ་མཐུན་བཅས་ཀྱི་སློབ་རའི་ཁོར་ཡུག་ཅིག་བསྐྲུན་པར་རྨང་གཞི་བརྟན་པོ་བཏིངས།
ཞིང་ཆེན་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གི་ལས་བྱེད་མི་སྣས་མཚམས་སྦྱོར་བྱས་དོན། གོ་རིམ་རྗེས་མར་ཚོགས་ཁག་མི་འདྲ་བར་ཁ་གཏད་ནས། རིགས་བགར་ནས་སྐུད་ལམ་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པས་དྲིལ་སྒྲོག་སློབ་གསོ་སྤེལ་རྒྱུ་ཡིན་ཞིང་། ལས་ཁུངས་དང་། གཞིས་ཁུལ། སློབ་གྲྭ། ཁེ་ལས། གཙོ་གནད་འདུ་ར་སོགས་སུ་བསྐྱོད་ནས་བཅའ་ཁྲིམས་ཁྱབ་གདལ་དང་སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་སྤེལ་ནས་མང་ཚོགས་སྔར་ལས་མང་བོ་ཟབ་ཞུགས་བྱེད་དུ་འཇུག་པ་དང་། རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་ལས་དོན་གཏིང་ཇེ་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།
རིག་འཛིན་སྒྲོལ་མས་བསྒྱུར།