ཟླ5པའི་ཚེས21ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ཁྲིམས་བསྟར་ཞིབ་བཤེར་བྱེད་འགོ་བརྩམས། ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས་ཞིང་ཆེན་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱི་བྱ་བའི་སྙན་ཞུར་ཉན་ཞིང་། ཁྲིམས་བསྟར་ཞིབ་བཤེར་བྱ་བའི་ཇུས་གཞི་ཁྱབ་བསྒྲགས་བྱས་ཏེ། ཁྲིམས་བསྟར་ཞིབ་བཤེར་བྱ་བར་སྐུལ་སློང་དང་བཀོད་སྒྲིག་བྱས་པར་མ་ཟད་འབྲེལ་ཡོད་ཆེད་ལས་གསོ་སྦྱོང་སྤེལ།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཁྲིམས་བསྟར་ཞིབ་བཤེར་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་གྱིས་སྤེལ་ཞིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས་ཟླ5པའི་ཟླ་མཇུག་ནས་ཟླ7པའི་ཟླ་སྨད་བར་མཚོ་ཤར་གྲོང་ཁྱེར་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་སུ་སོང་ནས་ཡུལ་དངོས་ཞིབ་བཤེར་བྱེད་རྒྱུ་མ་ཟད། གྲོང་ཁྱེར་དང་ཁུལ་གཞན་གྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་གནས་རང་གི་སྲིད་འཛིན་ཁུལ་ཁོངས་ནས་ཞིབ་བཤེར་བྱེད་པར་མངག་བཅོལ་བྱས་ཏེ། ཁྱབ་ཁོངས་སོ་སོ་ནས་ཁྲིམས་བསྟར་ཞིབ་བཤེར་བྱེད་རྒྱུ་རེད། ཁྲིམས་བསྟར་ཞིབ་བཤེར་གྱིས་ཡུལ་དངོས་ཚོད་བརྟག་དང་། རང་མོས་འདེམས་བཤེར། བཞུགས་མོལ་སྙན་ཞུ། རྒྱུ་ཆ་འཚོལ་ཞིབ། གཙང་བོའི་འབྱུང་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་དུས་རབས་རང་བཞིན་གྱི་བྱ་འགུལ་སྤེལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། གཙོ་བོ་རིམ་པ་སོ་སོའི་སྲིད་གཞུང་གི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་དང་། ཁྲིམས་སྲོལ་ཆ་ཚང་། ཚད་གཞི་གཏན་འབེབས་གནས་ཚུལ། ཁྲིམས་མཐུན་ལས་འགན་དོན་འཁྱོལ་གནས་ཚུལ། ཁྲིམས་བསྟར་དང་ཁྲིམས་འཛིན་གནས་ཚུལ། རྨ་ཆུའི་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་དར་སྤེལ་གནས་ཚུལ། དེ་མིན་ཁྲིམས་ལུགས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་གནད་དོན་དང་རྒྱུ་རྐྱེན་གཙོ་བོ་བཅས་ལ་ཞིབ་བཤེར་བྱེད་རྒྱུ་རེད།
ཞིང་ཆེན་དམངས་ཆེན་གྱི་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་ནི་མཚོ་སྔོན་གྱིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་འགོག་ར་སྲ་བརྟན་དུ་གཏོང་བ་དང་། དྭངས་གཙང་ཆུ་བོ་ཤར་དུ་བཞུར་བར་ཁག་ཐེག་བྱེད་པའི་ཆེས་འགག་རྩར་གྱུར་བའི་ལས་འགན་ཡིན། ད་ལྟའི་དུས་རིམ་འདིར། ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས་ཞིབ་བཤེར་སྔོན་གྱི་ཆེད་ལས་གསོ་སྦྱོང་དང་སྡེ་ཁག་བར་གྱི་མཐུན་སྦྱོར་མཉམ་སྡེབ་བཀོད་སྒྲིག་སོགས་ཀྱི་དུས་རིམ་སྔོན་མའི་བྱ་བ་ཧུར་ཐག་སྒོས་སྤེལ་བར་མ་ཟད། བྱ་བའི་འཆར་གཞི་གཏན་འབེབས་བཟོས་པ་དང་། ཞིབ་བཤེར་གྱི་གཙོ་གནད་ཡང་དག་སྒོས་དམ་འཛིན་དང་འགག་རྩའི་གནད་དོན་དུས་ཐོག་ཏུ་མཐོང་བར་བྱས་ནས། ཁྲིམས་བསྟར་ཞིབ་བཤེར་གྱི་སྤུས་ལེགས་ནུས་མཐོར་ཁག་ཐེག་བྱས་ཏེ། ཞིང་ཆེན་ཡོངས་ཀྱིས་རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ཞིང་། མཚོ་སྔོན་གྱི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ལྷ་མོ་འཚོས་བསྒྱུར།